ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟླ་བརྒྱད་པར་འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་ཇེ་མཐོར་སོང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་སྤེལ་བའི་ཟླ་འདིའི་སྙན་ཞུ་གསར་བ་ལས་མངོན་པ་ལྟར་ན། ཟླ་བརྒྱད་པར་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་རིན་གོང་དམིགས་ཚད་བསྟུད་མར་ཟླ་གཉིས་ལ་མར་ལྷུང་རྗེས་ཡང་བསྐྱར་ཇེ་མཐོར་སོང་ཡོད་པ་རེད། 

སྙན་ཞུ་ལས་མངོན་པ་ལྟར་ན། ཀ་ར་དང་སྐྱེ་དངོས་ཀྱི་སྣུམ། ལོ་ཏོག་བཅས་ཀྱི་རིན་གོང་ཇེ་མཐོར་སོང་བའི་ཤུགས་རྐྱེན་ལས། ཟླ་བརྒྱད་པར་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཟས་རིགས་རིན་གོང་དམིགས་ཚད་དེ་བརྒྱ་དང་ཉེར་བདུན་དང་གྲངས་ཆུང་བཞི་ཡིན་ལ། དུས་སྔོན་མ་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་འཕར་ཡོད་པ་དང་། དུས་མཉམ་ལས་བརྒྱ་ཆའི་སོ་གཉིས་དང་གྲངས་ཆུང་དགུ་འཕར་ཡོད། དེའི་ནང་ཀ་རའི་རིན་གོང་དམིགས་ཚད་དུས་སྔོན་མ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར་ཡོད་པ་དང་། སྐྱེ་དངོས་ཀྱི་སྣུམ་དང་ལོ་ཏོག་གི་རིན་གོང་དམིགས་ཚད་སོ་སོར་དུས་སྔོན་མ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་དང་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞི་འཕར་ཡོད། ཞིབ་བསྡུར་བྱས་ན་འོ་མའི་ཐོན་རྫས་དང་ཤ་རིགས་ཀྱི་རིན་གོང་དམིགས་ཚད་ཀྱི་འཕར་ཚད་ཅུང་ཆུང་བ་རེད། 

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཉིན་དེར་སྤེལ་བའི་སྙན་ཞུ་གཞན་ཞིག་ལས་ཚོད་དཔག་བྱས་པ་ལྟར་ན། ད་ལོར་འཛམ་གླིང་ཡོངས་ཀྱི་ལོ་ཏོག་ཐོན་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་བདུན་འཕར་ནས། ཏུན་ཐེར་ཆེན་གཉིས་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་བརྒྱད་ལ་བསླེབས་ཡོད་ལ། ཟླ་བདུན་པའི་ཚོད་དཔག་ལས་ཅུང་ཇེ་མཐོར་སོང་ཡོད། སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ལོ་ཏོག་མཁོ་འདོན་དེ་བལྟོས་བཅས་ཀྱིས་འདང་ཚིམས་པའི་ཆུ་ཚད་དུ་བསླེབས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟས་རིགས་རིན་གོང་དམིགས་ཚད་ཟླ་རེར་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། དེ་ལྟར་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ཁྲོད་ཆེས་བྲིན་པའི་ཟས་རིགས་ཐོན་རྫས་ཀྱི་རྒྱལ་སྤྱིའི་རིན་གོང་གི་འགྱུར་ལྡོག་ལ་ཚད་འཇལ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།