ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་ཅོར་ཏན། ཕཱ་ལེ་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་གྲོས་ཚོགས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དང་ཅོར་ཏན། ཕཱ་ལེ་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཚེས་གཉིས་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་གྲོས་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དུས་ཡུན་རིང་བོའི་འཁྲུག་རྩོད་ཐག་གཅོད་པར་སྐུལ་འདེད་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལཱ་ཏིས་ཀྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་བཅས་ཀྱིས་ཉིན་དེར་གསང་བའི་གྲོས་ཚོགས་བསྡུས་པ་དང་། དེའི་རྗེས་སུ་རང་རང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་ནས། ཕཱ་ལེ་སི་ཐན་གྱི་ལས་དོན་དང་འབྲེལ་བའི་གནད་དོན་རེ་འགའི་ཐད་ནས་ལངས་ཕྱོགས་དང་ལྟ་ཚུལ་མཐུན་སྦྱོར་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ངེས་པར་དུ་འབད་པ་གང་ལེགས་བྱས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་དང་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱེད་དགོས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་མ་བྱས་ན་ས་ཁུལ་ཧྲིལ་བོའི་བདེ་འཇགས་དང་གཏན་འཇགས་ལ་མཇུག་འབྲས་ཚབས་ཆེན་བཟོ་སྲིད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་ཡིས་ཨེ་ཅིབ་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་དང་གཏན་འཇགས་སླར་གསོ་བྱེད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་དང་འབྲེལ་བའི་རེ་འདུན་བཏོན་ནས། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་བར་དུས་ཡུན་རིང་བོར་གནས་པའི་འགལ་བ་ཐག་གཅོད་བྱས་ཏེ་ཕཱ་ལེ་སི་ཐན་མིའི་ནང་ཁུལ་གྱི་མཐུན་སྒྲིལ་མངོན་འགྱུར་བྱེད་དགོས་ཟེར། དེ་ནི་སྒེར་བཙུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འདོད། ཨ་པཱ་སི་དང་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བྱ་བ་མང་བོ་བསྒྲུབས་པར་གཟེངས་བསྟོད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་བལྟས་ན། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་དང་རེ་འདུན་ཡོད་ཚད་མངོན་འགྱུར་བྱེད་དགོས་པར་འདོད། གྲོས་ཚོགས་ནས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་དང་ཅོར་ཏན་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།