ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཏང་གིས་ས་གནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པར་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཏང་གིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན་སྤེལ་བར་ཐག་བཅད་ཡོད་པའི་ས་གནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར། 

ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཏང་ཁག་གཙོ་བོས་ཉིན་དེའི་ཕྱི་དྲོར་གསལ་སྒྲོག་སྤེལ་བ་དང་། ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཏང་མནའ་འབྲེལ་གྱི་མིང་ཐོག་ནས་ས་གནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ནི་ནང་ཁུལ་ནས་དཀའ་ཚེགས་ཀྱི་གྲོས་བསྡུར་མང་དུ་བྱས་རྗེས་བཏོན་པ་ཡིན་ལ། དམིགས་ཡུལ་ནི་རྒྱལ་ཁབ་དེས་མྱོང་བཞིན་པའི་ཉམས་ཉེན་ཐད་གོ་སྐབས་སྔར་ལས་མང་བོ་བརྩོན་ལེན་བྱེད་ཆེད་ཡིན་ཟེར། 

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་ནང་བསྟན་དོན། ངོ་རྒོལ་ཏང་ཡང་བསྐྱར་དམངས་གཙོའི་འདེམ་བསྐོའི་འཕེལ་རིམ་ནང་ཞུགས་པའི་རྣམ་འགྱུར་དེར་གཟེངས་བསྟོད་བྱེད་འོས་པ་དང་། དེ་ལས་ཁོ་ཚོས་རྒྱལ་ཁབ་ཀྱི་སྤྱི་བའི་དབང་ཆའི་ཁྲིམས་མཐུན་རང་བཞིན་ལ་དངོས་སུ་ཁས་ལེན་བྱས་པ་མཚོན་ཡོད་ཟེར། 

ནོར་ཝེ་དང་མའོ་ཞི་ཁོ་སོགས་རྒྱལ་ཁབ་ཀྱི་བར་འདུམ་འོག ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གཙོ་བོའི་འཐུས་མིས་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་མའོ་ཞི་ཁོ་མཁར་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་བ་དང་། མཉམ་དུ་བཟོད་སྒོམ་བརྗེད་ཐོ་བཀོད་ཡོད་ལ། དེའི་ནང་དོན་ཆབ་སྲིད་ཁེ་དབང་དང་འདེམ་བསྐོའི་འགན་སྲུང་དང་ཉིན་རིམ། བཀག་སྡོམ་མེད་པར་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སོགས་ལ་འབྲེལ་ཡོད། 

ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཏང་མནའ་འབྲེལ་ནི་ཝེ་ནེ་ཙུའེ་ལཱའི་སྔོན་ཆད་ཀྱི་ཙུང་ཐུང་ཁྲ་ཝེ་སི་ཡིས་གྲུབ་པའི་ཆབ་སྲིད་མནའ་འབྲེལ་ཕམ་ཉེས་སུ་བཏང་སྟེ། ཉིས་སྟོང་བཅོ་ལྔ་ལོའི་གྲོས་ཁང་འདེམ་བསྐོའི་ཁྲོད་ལས་གནས་མང་བོ་ཐོབ་ཡོད་ཀྱང་། ལུགས་མཐུན་མིན་པའི་བྱ་སྤྱོད་སྤེལ་བའི་སྒྲིག་འགལ་གྱི་བྱ་སྤྱོད་རབ་དང་རིམ་པའི་དབང་གིས་མནའ་འབྲེལ་དེ་གཙོ་བྱས་པའི་གྲོས་ཁང་དེ་ཝེ་ནེ་ཙུའེ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་འགལ་རྣམ་པར་ཐག་གཅོད་བྱས་པས། རྒྱུན་ལྡན་ངང་ཁྲིམས་འཛུགས་དབང་ཆ་ལག་བསྟར་བྱེད་མ་ཐུབ་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།