ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱ་ནུབ་བྱང་རྒྱུད་ཀྱི་སློབ་འབྲིང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་སློབ་མ73ལ་བཙན་ཁྲིད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན། ནེ་ཀྲི་རི་ཡཱ་ནུབ་བྱང་རྒྱུད་ཀྱི་སློབ་འབྲིང་ཞིག་ལ་ཐོབ་ཐང་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ་སློབ་མ73ལ་བཙན་ཁྲིད་བྱས། 

ཀྲ་མུའུ་ཧྥ་ལ་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧན་མོ་ཏེ·ཞེ་ཧུའུ་ཡིས་ཚེས1ཉིན་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། དྲག་ཆས་མི་སྣ་སྐོར་ཞིག་གིས་ཉིན་དེའི་སྔ་དྲོར་མངའ་སྡེ་དེའི་སློབ་འབྲིང་ཞིག་ཏུ་འཇབ་རྒོལ་བྱས་ཏེ་སློབ་མ73བཙན་ཁྲིད་བྱས་ལ། ཉེན་རྟོག་ཕྱོགས་ཀྱིས་དམག་ཕྱོགས་དང་མཉམ་འབྲེལ་བྱས་ནས་བཙན་ཁྲིད་བྱས་པའི་སློབ་མར་སྐྱོབ་ཅི་ཐུབ་བྱས་པ་མ་ཟད། དྲག་ཆས་མི་སྣ་འཛིན་བཟུང་བྱས། བདེ་འཇགས་སྡེ་ཁག་གིས་སློབ་གྲྭའི་ཉེ་འཁོར་དུ་བདེ་འཇགས་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ་ཡང་བསྐྱར་འཇབ་རྒོལ་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱས།

ཀྲ་མུའུ་ཧྥ་ལ་མངའ་སྡེའི་ཉེན་རྟོག་ཅུའུ་ཡི་མགོ་གཙོ་ཨ་ཡོའུ་པཱ·ཨེའར་ཁཱ་ནཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། འཇབ་རྒོལ་དོན་རྐྱེན་བྱུང་རྗེས་མངའ་སྡེ་དེའི་སྲིད་གཞུང་གིས་མངའ་སྡེ་འོག་གི་སློབ་ཆུང་དང་སློབ་འབྲིང་ཡོངས་རྫོགས་ཀྱི་སྒོ་བརྒྱབ་མ་ཟད། འཇབ་རྒོལ་བྱེད་ཉེན་ཆེ་བའི་ས་ཁུལ13དུ་དགོང་མོ་འགྲོ་བསྐྱོད་བྱེད་མི་ཆོག་པའི་བཀའ་བབས་ཡོད་ཅེས་བཤད།

ཉེ་བའི་ཟླ་ཤས་རིང་། ནེ་ཀྲི་རི་ཡཱའི་ས་ཆ་མང་པོ་ཞིག་ཏུ་བསྟུད་མར་ཐེངས་འགའ་ལ་དྲག་ཆས་མི་སྣས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་ལ། དེའི་ཁྲོད་སློབ་མར་བཙན་ཁྲིད་བྱེད་པའི་དོན་རྐྱེན་ཐེངས་མང་པོ་བྱུང་བ་རེད། ཟླ་སྔོན་མའི་ཚེས15ཉིན་ཀྲ་མུའུ་ཧྥ་ལ་མངའ་སྡེའི་སློབ་གླིང་ཞིག་ཏུ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ1དང་བདེ་སྲུང་མི་སྣ2བསད་པ་མ་ཟད། མི20ལ་ལྷག་བཙན་ཁྲིད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།