ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་པ་ཞིའི་སྲིད་ཚོང་ལས་རིགས་མི་སྣས་ཕྱོགས་གཉིས་བར་གྱི་ཞབས་ཞུའི་ཉོ་ཚོང་མཉམ་ལས་གཅིག་སྡུད་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ལིས་ཡོ་རེ་ནེ་ལུའུ་རུ་སྡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་ཁང་གིས་གཙོ་བསྒྲུབས་བྱས་པའི་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་གོ་དང་པ་ཞིའི་ཞིང་ཆེན་དང་ཁུལ། གྲོང་ཁྱེར་ཁ་ཤས་ཀྱི་དྲ་ངོས་ཀྱི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་ཚོགས་མགོ་བརྩམས། ཀྲུང་གོ་དང་པ་ཞིའི་སྲིད་ཚོང་ལས་རིགས་མི་སྣས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཀྲུང་གོ་དང་པ་ཞི་བར་གྱི་མཉམ་ལས་ཇེ་མང་དུ་འགྲོ་བའི་གོ་སྟབས་འགོག་ཐབས་མེད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བརྗེ་རེས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་སྔོན་འདོན་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་ངེས་ཡིན་ཟེར།

ལིས་ཡོ་རེ་ནེ་ལུའུ་རུ་སྡོད་པའི་ཀྲུང་གོའི་སྤྱིའི་གཞུང་ཚབ་པ་ཐེན་མེན་གྱིས་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་ཤིས་ཚིག་འབུལ་སྐབས་བཤད་དོན། འགྲེམ་སྟོན་ཚོགས་འདུ་བསྡུས་པ་དེ་ལས་ཀྲུང་གོས་རང་འགུལ་སྒོས་འཛམ་གླིང་ཡོངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་སྤྱོད་དུ་འཇུག་པའི་འདུ་ཤེས་མངོན་པར་བྱས་པ་དང་། ཀྲུང་གོ་དང་པ་ཞི་སོགས་རྒྱལ་ཁབ་བར་གྱི་དཔལ་འབྱོར་འབྲེལ་འདྲིས་ལ་ཤུགས་སྣོན་པར་རོགས་འདེགས་བྱེད་པ་རེད། མོས་བསྟན་དོན། གྲངས་ཀ་ཅན་གྱི་འཕེལ་ཕྱོགས་གསར་བ་དང་བསྟུན་ནས། ཁེ་ལས་ཀྱིས་རྒྱལ་ཁོངས་བརྒལ་བའི་གློག་ཚོང་དང་རྒྱང་བསྟེན་ཞབས་ཞུ། ཤེས་བྱའི་ཐོན་དབང་ཉོ་ཚོང་སོགས་ལས་རྣམ་གསར་བ་དང་རྣམ་པ་གསར་བ་བཀོལ་པར་སྐུལ་མ་བཏང་ནས། འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་མནའ་འབྲེལ་འཛུགས་པ་དང་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

པ་ཞིའི་མུས་ན་སི་ཅི་ལ་སི་ཁུལ་གྱི་ཁུལ་གཙོ་ལོ་མེ་ཝུའུ་ཙི་མ་ཡིས་བཤད་དོན། ཀྲུང་གོ་ནི་ཁུལ་དེའི་ཉོ་ཚོང་གྲོགས་པོ་གཙོ་བོའི་ནང་གི་གཅིག་ཡིན་ལ། འགྲེམ་སྟོན་ཚོགས་འདུ་བསྡུས་པ་དེས་ཕྱོགས་གཉིས་ཀྱི་སྲིད་ཚོང་ལས་རིགས་བར་གྱི་ཉམས་མྱོང་བརྗེ་རེས་དང་མཉམ་ལས་ལ་གྲོས་སྡུར་བྱེད་པར་རོགས་འདེགས་བྱེད་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།