ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐ་ལི་པན་གྱིས་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ནས་སྲིད་གཞུང་འཛུགས་པ་སོགས་ཀྱི་དོན་དག་ལ་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐ་ལི་པན་གྱི་མགྲིན་ཚབ་པ་མུའུ་ཅ་ཞི་ཏི་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བཤད་དོན། རྩ་འཛུགས་དེས་ཉེ་ལམ་ལྷོ་ཕྱོགས་སུ་ཡོད་པའི་ཁན་ཏ་ཧ་ཞིང་ཆེན་དུ་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་འཛུགས་པ་སོགས་ཀྱི་དོན་དག་ལ་གྲོས་སྡུར་བྱས་ཟེར།

མུའུ་ཅ་ཞི་ཏི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་ཅིག་གི་སྟེང་བཤད་དོན། ཐེངས་འདིའི་གྲོས་ཚོགས་དེ་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར་ཁན་ཏ་ཧ་ཞིང་ཆེན་དུ་འཚོགས་པ་དང་། ཐ་ལི་པན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཧེ་པ་ཐུའུ་ལ་ཨ་ཧོང་ཀྲ་ཏ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཐོག་ཏུ་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་དང་བདེ་འཇགས། སྤྱི་ཚོགས་གནད་དོན། དེ་མིན་སྲིད་གཞུང་འཛུགས་པ་སོགས་ཀྱི་དོན་དག་ལ་གྲོས་སྡུར་བྱས་ཟེར།

མུའུ་ཅ་ཞི་ཏི་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། ཨ་ཧྥུའུ་ཧན་གྱི་མདུན་དུ་དཔལ་འབྱོར་འགྲན་རྩོད་གནས་ཡོད་པ་དང་། ཨ་ཧྥུའུ་ཧན་གྱི་ཚོང་བ་དང་དངུལ་གཏོང་མཁན་རྣམས་དཔལ་འབྱོར་གནད་དོན་ཐག་གཅོད་པའི་ཁྲོད་ཞུགས་དགོས། ཁོས་ཉིན་དེར་ད་དུང་བཤད་དོན། ཨ་ཧྥུའུ་ཧན་གྱིས་ཨ་མེ་རི་ཁ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། རྒྱལ་ཁབ་ཚང་མས་ཨ་ཧྥུའུ་ཧན་ལ་ཆབ་སྲིད་དང་ཉོ་ཚོང་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།