ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ཞེ་ཧི་ཡིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་ཐུང་ངུ་ཞིག་གི་ནང་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ལཱ་མུའུ་ཨན་ལཱའི་ཙུང་ཐུང་གི་གཞུང་སྒྲུབ་ཁང་ནས་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཀན་ཚི་ལ་ཐུག་འཕྲད་བྱས་ཟེར། 

གསལ་སྒྲོག་དེ་ལས་བཤད་རྒྱུར། ཁོ་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་གྱི་ཁྱབ་ཁོངས་མང་བོར་གྲོས་བསྡུར་བྱས་ཟེར་ཡང་། བྱེ་བྲག་གི་ནང་དོན་གསལ་བོར་བརྗོད་མེད། 

གཞན་ཡང་དབྱི་སི་རལ་རྒྱལ་སྲུང་པུའུ་ཡི་གཞུང་སྒྲུབ་ཁང་གིས་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་བདེ་འཇགས་དང་ཕྱི་འབྲེལ། དེ་མིན་དཔལ་འབྱོར་སོགས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དེའི་ནང་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་བབ་འདུས་ཡོད་ཟེར། ཀན་ཚི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་ལ་སྐུལ་འདེད་གཏོང་རྩིས་ཡོད་ཟེར། 

དབྱི་སི་རལ་ཕྱོགས་ཀྱི་གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཀན་ཚི་དང་ཨ་པཱ་སི་ཡིས་གྲོས་མོལ་ཐེངས་གཉིས་སྤེལ་བ་དང་། སྐོར་ཐེངས་དང་པོའི་གྲོས་མོལ་ལ་ཕྱོགས་གཉིས་ཀྱི་དཔོན་རིགས་ཞུགས་ཡོད་ལ། སྐོར་ཐེངས་གཉིས་པའི་གྲོས་མོལ་ལ་ཁོ་གཉིས་ལས་མི་གཞན་པ་ཞུགས་མེད་ཟེར། 

ཉིས་སྟོང་བཅུ་ལོར་ཨ་པཱ་སི་ཡིས་ཨ་མེ་རི་ཁ་ནས་དབྱི་སི་རལ་གྱི་སྐབས་དེའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཐུག་འཕྲད་བྱས་རྗེས། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ཐད་ཀར་གྲོས་མོལ་གཏན་ནས་བྱས་མྱོང་མེད། ཉིས་སྟོང་བཅུ་བཞིའི་ལོར། དབྱི་སི་རལ་དང་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཞི་བའི་གྲོས་མོལ་མཚམས་ཆད་པ་དང་། ད་ལྟའི་བར་སླར་གསོ་བྱུང་མེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།