ལི་པུ་ཡཱ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཨར་ཅི་རི་ཡཱ་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚོགས་ཡུན་ཉིན་གཉིས་ཡིན་པའི་ལི་པུ་ཡཱ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་སུམ་ཅུ་ཉིན་ཨར་ཅི་རི་ཡཱའི་རྒྱལ་ས་ཨར་ཅིར་ནས་སྤེལ་མགོ་བརྩམས། 

ལི་པུ་ཡཱ་དང་ཨར་ཅི་རི་ཡཱ། ཐུ་ནི་ཞི་ཡཱ། ཨེ་ཅིབ། སུའུ་ཏན། ཀྲ་ཏི། ནེ་ཀྲིར་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འཐུས་མི་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་མི་སྣས་ལི་པུ་ཡཱའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་སྔོན་བཅའ་ཁྲིམས་སྒྲོམ་གཞི་འཛུགས་པ་དང་། ཕྱི་རྒྱལ་གྱི་དམག་དཔུང་དང་གླས་དམག་དག་ལི་པུ་ཡཱ་ནས་ཕྱིར་འཐེན་བྱེད་པ། ལི་པུ་ཡཱའི་ཕྱོགས་ཁག་སོ་སོའི་དྲག་ཆས་པ་གཅིག་གྱུར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ལཱ་མཱ་མུའུ་ལཱ་ཡིས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པར་དཀའ་ཁག་མང་བོ་ཡོད་པ་དང་། གཙོ་བོ་ཕྱི་རྒྱལ་གྱི་སྟོབས་ཤུགས་རེ་འགས་ལི་པུ་ཡཱའི་ཤུགས་རྐྱེན་ཇེ་ཆེར་གཏོང་རྩིས་ཡོད་པས། ལི་པུ་ཡཱ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པ་ཐེབས་ཡོད་ཟེར། ཁོས་བསྟན་དོན། ལི་པུ་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་རྒྱུན་པར་ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་བརྩོན་བཞིན་ཡོད་པ་དང་། ཨར་ཅི་རི་ཡཱ་དང་ཕྱོགས་ཁག་གཞན་པ་སོ་སོས་ལི་པུ་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་དབྱང་ཁུའུ་པུས་སི་ཡིས་བསྟན་དོན། ལི་པུ་ཡཱ་ཡིས་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་རྒྱུ་ཡིན་པ་དང་། ལི་པུ་ཡཱ་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་མྱུར་མོར་འགུལ་སྐྱོད་སྤེལ་ནས་འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།