ནེ་ཀྲི་རི་ཡཱ་དབུས་རྒྱུད་ཀྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐའ་ཡང་མི35རྐྱེན་ལམ་དུ་ཤོར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས25ཉིན་བཤད་པ་ལྟར་ན། ནེ་ཀྲི་རི་ཡཱའི་དབུས་རྒྱུད་མཐོ་སྒང་མངའ་སྡེའི་གྲོང་སྡེ་ཞིག་ལ་ཚེས24ཉིན་གྱི་དགོང་མོར་ཐོབ་ཐང་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་ཐེབས་ཏེ། ཉུང་མཐའ་ཡང་མི35རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་བཟོས། 

མཐོ་སྒང་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པ་ལྟར་ན། དྲག་ཆས་སྤྲས་པའིཉེས་ཅན་སྐོར་ཞིག་གིས་ཚེས24ཉིན་གྱི་དགོང་མོར་མངའ་སྡེ་དེའི་ཆའོ་སི་ཉེ་འགྲམ་གྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་གྲོང་མིའི་སྡོད་ཁང་ལ་མེ་བཏང་བས། མིག་སྔར་ཉུང་མཐའ་ཡང་བེམ་པོ35རྙེད་ཞིང་གྲོང་མི་མང་པོ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

མཐོ་སྒང་མངའ་སྡེའི་ཀྲོའུ་ཀྲང་ཞི་མིན·ལཱ་ལུང་གིས་ཚེས25ཉིན་གསལ་བསྒྲགས་སྤེལ་བའི་ནང་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན10འཛིན་བཟུང་བྱས་ཡོད་ལ། ད་དུང་གཞན་རྣམས་འཛིན་བཟུང་བྱེད་བཞིན་པའི་སྒང་ཡིན།

ཉེ་བའི་ཟླ་ཤས་རིང་ནེ་ཀྲི་རི་ཡཱའི་ས་ཆ་མང་པོ་ཞིག་ཏུ་བསྟུད་མར་ཐེངས་འགའ་ལ་དྲག་ཆས་མི་སྣས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་ཏེ། མི་མང་པོར་ཤི་རྨས་བཟོས་པའམ་བཙན་ཁྲིད་བྱས་པའི་གནས་ཚུལ་བྱུང་། ཟླ8པའི་ཚེས14ཉིན་ཆོས་དད་མང་ཚོགས་བསྡད་ཡོད་པའི་རླངས་འཁོར5ཆའོ་སི་ཉེ་འགྲམ་གྱི་གཞུང་ལམ་དུ་སྐྱོད་སྐབས། དྲག་ཆས་འཇབ་རྒོལ་ཐེབས་ཏེ་མི22རྐྱེན་ལམ་དུ་ཤོར་བ་དང་མི14ལ་རྨས་སྐྱོན་བཟོས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།