ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་པར་འཇིགས་དངངས་སྐྱེས་པ་དང་ཕུའུ་ཅིན་གྱིས་ཨེ་ཤ་ཡཱ་དབུས་མའི་མགོར་འཕེན་མི་རུང་བའི་ཉེན་བརྡ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ལོ་ཝུན་ནེ་ཡཱའི་ཙུང་ལི་དབྱང་ཧྲ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་བཀོད་སྒྲིག་སྲིད་ཇུས་ལ་ཐུན་མོང་གི་ལྟ་ཚུལ་བྱུང་མེད་པ་དང་། ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་མིན་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐག་གཅོད་བྱེད་དགོས་ཟེར། 

སི་ལོ་ཝུན་ནེ་ཡཱ་ནི་མིག་སྔར་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་། དབྱང་ཧྲ་ཡི་སྐད་ཆ་དེ་ནི་ཡོ་རོབ་གླིང་གྲོས་ཁང་གི་གྲོས་དཔོན་སཱ་སོ་ལེའི་གཏམ་བརྗོད་ལ་ལན་བཏབ་པ་རེད། སཱ་སོ་ལེ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་པའི་འགན་འཁྲི་ཡོད་པ་དང་། ཡུལ་གྱར་བའི་བཀོད་སྒྲིག་འགན་ཁུར་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོར་མཉམ་བགོ་བྱེད་དགོས་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དགོས་ངེས་ཀྱི་ཐབས་ཇུས་འདོན་དགོས་པའི་གྲོས་གཞི་བཏོན། 

སཱ་སོ་ལེའི་གྲོས་གཞི་དེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་ཕལ་ཆེར་དང་ལེན་ཐོབ་མེད། 

དབྱང་ཧྲ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥུའུ་ཧན་གྱི་མི་ཕྱིར་འཐེན་བྱེད་པར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་མི་སྲིད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མེས་རྒྱལ་དང་ཁ་འབྲལ་བའི་ཨ་ཧྥུའུ་ཧན་གྱི་མི་རྣམས་ལ་རོགས་རམ་བྱེད་པའི་འོས་འགན་མེད་ཟེར། 

སཱ་སོ་ལེ་ཡིས་དེའི་ལན་དུ་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ་དེ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སི་ལོ་ཝུན་ནེ་ཡཱ་ཡིས་བཤད་པ་ཙམ་གྱིས་མི་ཆོག་ཟེར། ཁོས་སི་ལོ་ཝུན་ནེ་ཡཱ་ཕྱོགས་ཀྱིས་མཐུན་སྒྲིལ་གྱི་སྙིང་སྟོབས་བཅངས་ཏེ། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ་རྗེས་ཀྱི་བྱེད་ཐབས་ལ་གྲོས་བསྡུར་བྱེད་དགོས་པའི་སྐུལ་མ་བཏང་། 

དབྱང་ཧྲ་ཡིས་དེའི་རྗེས་སུ་རྒོལ་གཏམ་བཏང་སྟེ། དོན་དངོས་སུ་སྐོར་ཐེངས་གསར་བའི་ཡུལ་གྱར་བ་དང་ལེན་བྱེད་འདོད་མིན་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཐག་གཅོད་བྱེད་དགོས། མིག་སྔར་གྲོས་གཞི་དེའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཐུན་མོང་གི་ལྟ་ཚུལ་བྱུང་མེད་པ་དང་། མང་ཤོས་དང་རྣམ་པ་གང་རུང་གི་མང་ཤོས་བསམ་འཆར་གྱི་ཚད་དུ་བསླེབ་མེད་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨ་ཧྥུའུ་ཧན་གྱི་ཨེ་ཤ་ཡཱ་དབུས་མའི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་གནས་སྐབས་སུ་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་དུ་འཇུག་པར་འཚོལ་ཞིབ་བྱས་པ་ལ་སྐྱོན་འཛུགས་བྱས་པ་དང་། དེ་ལས་ཨུ་རུ་སིའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་སྲིད་པར་འདོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།