ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁར“མིའི་ཐོབ་ཐང་གི་ཤན་འབྱེད་དཔོན་པོ”བྱེད་པའི་ཐོབ་ཐང་གཏན་ནས་མེད།

  རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ།རིག་འཛིན་ལྷ་མོ།   སྤེལ་དུས། : 2021-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་མེ་རི་ཁར་མི་འབོར་འདྲེན་འཚོང་བྱེད་པའི་མུན་ནག་གི་ལོ་རྒྱུས་ཡོད་པ་མ་ཟད། མི་འབོར་འདྲེན་འཚོང་བྱེད་པའི་ཡ་ང་བའི་དོན་དངོས་ཀྱང་ཡོད། གཏོས་ཆེ་བའི་མི་འབོར་འདྲེན་འཚོང་གི་ཐོན་ལས་དང་བསྡུར་ན། ཨ་མེ་རི་ཁས་མི་འབོར་འདྲེན་འཚོང་ལ་རྡུང་རྡེག་བྱེད་པའི་འབད་བརྩོན་དེ་ཧ་ཅང་ཉམས་ཆུང་ཞིག་ཏུ་གྱུར་ཡོད།

       ཨ་མེ་རི་ཁའི་རྒྱལ་དོན་ཁང་གིས་ཉེ་སྔོན་ལོ་རེའི“མི་འབོར་འདྲེན་འཚོང་གི་སྙན་ཞུ”ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཞན་པར་གང་འདོད་ངང་སྐྱོན་འཛུགས་དང་། དམའ་འབེབས་དང་སྐུར་འདེབས་བྱས་མོད། རང་སྟེང་གི་མི་འབོར་འདྲེན་འཚོང་གི་གནད་དོན་དང་སྤྱོད་ངན་མཐའ་དག་སྣང་མེད་དུ་བསྐྱུར་ནས། རང་གི་རྒྱལ་ཁབ་ནི“སྤྱོད་སྟངས་ཆེས་ལེགས་པའི་མིང་ཐོ་སྐོར་དང་པོ”ནང་བཞག་ཡོད། ཨ་མེ་རི་ཁས་ལོ་རེ་བཞིན་གཏམ་རྙིང་བསྐྱར་གླེང་དང་བརྡ་འཕྲིན་རྫུན་མས། འཛེམ་བག་དང་ངོ་ཚ་མེད་པར་རང་ལ་མཛེས་འཆོས་སྤྲས་ཤིང་གཞན་པར་སྒྲོ་སྐུར་གྱི“སྙན་ཞུ”སྤེལ་བར་བརྟེན་ནས། རང་སྟོད་རང་རློམ་གྱི“མིའི་ཐོབ་ཐང་ལམ་སྒྲོན”ཞེས་པའི་འགེབས་བྱེད་འོག་གི་མུན་ནག་གི་དངོས་ཡོད་གནས་བབ་ལ་འགྱུར་ལྡོག་གཏོང་མ་ཐུབ་པས། མི་ཚང་མས་ཨ་མེ་རི་ཁས་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་མ་རུངས་ཁོག་བཅུག་གི་སྤྱོད་ངན་ཡང་བསྐྱར་ཐེངས་ཤིག་ལ་མཐོང་བ་ཙམ་དུ་གྱུར། 

      ཨ་མེ་རི་ཁས་སྙན་ཞུ་སྤེལ་སྐབས“གོ་ལ་ཡོངས་སུ་ཨ་མེ་རི་ཁས་ལོངས་སུ་སྤྱོད་བཞིན་པའི་བདེ་འཇགས་དང་དར་རྒྱས། རིན་ཐང་བཅས་སྐུལ་འདེད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་བསྒྲགས་མོད། བཤད་ཚུལ་དེ་ནི་ཁྲེལ་མེད་འུད་སྒྲོག་ཡིན་པས། རང་གིས་རང་ལ་འགྲམ་ལྕག་གཞུས་པ་རེད།  ཤོག་ངོས600ལྷག་ཡོད་པའི་སྙན་ཞུའི་ནང་། ཨ་མེ་རི་ཁས་ཤོག་གྲངས་ཕྱེད་ཙམ་ལ་བརྟེན་ནས་རང་སྟེང་གི་གནད་དོན་མཐའ་དག་གང་འཇམ་གང་ཡག་གིས་བརྗོད་ནས། གདམ་གསེས་རང་བཞིན་གྱི་བརྗེད་ངས་ཆེ་བའི་ནད་རྟགས་མངོན་ཡོད་པ་སྟེ། ཨ་མེ་རི་ཁར་མི་འབོར་འདྲེན་འཚོང་བྱེད་པའི་མུན་ནག་གི་ལོ་རྒྱུས་ཡོད་པ་མ་ཟད། མི་འབོར་འདྲེན་འཚོང་བྱེད་པའི་ཡ་ང་བའི་དོན་དངོས་ཀྱང་ཡོད། དེར་བརྟེན། ཨ་མེ་རི་ཁར“མིའི་ཐོབ་ཐང་གི་སློབ་སྟོན་པ”དང“མིའི་ཐོབ་ཐང་ཤན་འབྱེད་དཔོན་པོ”བྱེད་པའི་ཐོབ་ཐང་གཏན་ནས་མེད།

      ཨ་མེ་རི་ཁའི་སྟོབས་ཤུགས་རྒྱས་པ་དང་ཁྲག་དྲི་བྲོ་ཞིང་གདུག་རྩུབ་ཆེ་བའི་བྲན་གཡོག་འདྲེན་འཚོང་བར་ཐད་ཀར་འབྲེལ་བ་ཡོད་ལ། ནག་ཉེས་ཀྱི་ལོ་རྒྱུས་འདི་ནི་ནམ་ཡང་བསུབ་ཐབས་མེད། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་བྲན་གཡོག་འདྲེན་འཚོང་ནི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་ཞིང་ལམ་ཐག་ཆེས་རིང་བའི་བཙན་ཤེད་སྒོས་མི་འབོར་འཁོར་རྒྱུག་བྱས་པ་ཡིན། 1619ལོར། ཟིན་ཐོར་བཀོད་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་མི་རྒྱུད་ནག་པོ་སྐོར་དང་པོ་དེ་ཨ་མེ་རི་ཁའི་བྱང་རྒྱུད་ཀྱི་ཀྲན་མུའུ་སི་ཏུན་ལ་སྐྱེལ་ནས་ཐོན་པ་བཟུང་། མི་རྒྱུད་ནག་པོས“སྐམ་ས་གསར་བ”འདིའི་སྟེང་བྲན་ཏུ་བཀོལ་བའི་ཁྲག་དང་མིག་ཆུས་སྦག་པའི་ལོ་རྒྱུས་ཀྱི་མགོ་བརྩམས། “ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་བྲན་གཡོག་འདྲེན་འཚོང་གི་གྲངས་མཛོད”ཀྱི་སྡོམ་རྩིས་ལྟར་ན། 1514ལོ་ནས1866ལོའི་བར། བསྡོམས་པས་གླིང་ཆེན་ཨ་ཧྥེ་རི་ཁ་པ་ཁྲི1250ལྷག“སྐམ་ས་གསར་བ”འདིའི་སྟེང་དུ་འདྲེན་འཚོང་བྱས། འདིའི་ནང་ད་རུང་ལམ་བར་དུ་ཤི་བའི་མི་གྲངས་འདུས་མེད། 1776ལོར་ཨ་མེ་རི་ཁ་རང་བཙན་བྱེད་སྐབས་བྲན་གཡོག་གསོག་ཉར་བྱེད་པ་ནི་སྔར་བཞིན་ཁྲིམས་མཐུན་ཡིན་ཞིང་། ཆའོ་ཀྲི་ཧྭ་ཧྲིན་ཏུན་དང་ཐའོ་མ་སི་ཅེ་ཧྥེ་ཞུན་སོགས་ད་རུང་བྲན་གཡོག་བདག་པོ་ཡིན། ཐ་ན1865ལོར་ཨ་མེ་རི་ཁས་བྲན་གཡོག་ལམ་ལུགས་མེད་པར་བཟོས་པ་ཁྱབ་བསྒྲགས་བྱས་རྗེས། ལྷོ་རྒྱུད་ཀྱི་ཞིང་ཆེན་མང་པོས་སྔར་བཞིན་མི་རྒྱུད་ནག་པོར་རིགས་རྒྱུད་ཟུར་བཀར་དང་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་ཀྱི་བཅའ་ཁྲིམས་གཞན་པ་རབ་དང་རིམ་པ་བཏོན་ཡོད། ད་ལྟའི་བར། ཨ་མེ་རི་ཁར་སྔར་བཞིན་མ་ལག་རང་བཞིན་ཅན་གྱི་རིགས་རྒྱུད་མཐོང་ཆུང་གནས་ཡོད། དེ་ནི་ཨ་མེ་རི་ཁའི་སྤྱི་ཚོགས་ཁ་ཐོར་དུ་འགྲོ་བའི་གཏིང་རིམ་རྒྱུ་རྐྱེན་ནང་གི་གཅིག་ཡིན།   

ཨ་མེ་རི་ཁ་རྒྱལ་ཁབ་གཞན་ལ་གང་འདོད་སྒོས་སྐྱོན་འཛུགས་བྱེད་པར་དགའ་ན་ཡང་། ཨ་མེ་རི་ཁ་རང་གི་རྒྱལ་ནང་དུ་མི་འབོར་འདྲེན་འཚོང་དང་། བཙན་ཤེད་ངལ་རྩོལ་སོགས་ག་ས་གང་དུའང་གནས་ཡོད། ཨ་མེ་རི་ཁའི་ཁེ་གཉེར་མིན་པའི་རྩ་འཛུགས“བྱང་སྐར་ཨ་བརྟན་འཆར་གཞི”ཡི་སྤྱི་སྡོམ་ལྟར་ན། 2007ལོའི་ལོ་མཇུག་ནས2019ལོའི་ལོ་མཇུག་བར། ཨ་མེ་རི་ཁའི“རྒྱལ་ཡོངས་ཀྱི་མི་འབོར་འདྲེན་འཚོང་ཆེད་སྤྱོད་ཁ་པར”ལས་སྙན་ཞུ་ཞུས་པའི་གྱོད་དོན63380ཡོད་པ་དང་། དེའི་ནང2019ལོར་སྙན་ཞུ་ཞུས་པའི་མི་འབོར་འདྲེན་འཚོང་གི་གྱོད་དོན11500ཡོད་ལ། འབྲེལ་ཡོད་གནོད་འཚེ་ཐེབས་མཁན22326ཡོད། འདས་པའི་ལོ5ཡི་རིང་། ཨ་མེ་རི་ཁའི་ཞིང་ཆེན50དང་ཧྭ་ཧྲིན་ཏུན་ཀི་ལོན་པེ་ཡ་དམིགས་བསལ་ས་ཁུལ་བཅས་ཚང་མར་བཙན་ཤེད་ངལ་རྩོལ་དང་མི་འབོར་ལྐོག་ཚོང་གི་གྱོད་དོན་སྙན་ཞུ་ཞུས་ཡོད། རྩ་འཛུགས་དེས་བསྟན་དོན། “གྲངས་གཞི་འདི་དག་ཧ་ལས་པ་ཞིག་ཡིན་མོད། འོནཀྱང་འདི་ནི་དོན་དངོས་གྲངས་གཞིའི་ཆ་ཤས་ཙམ་ལས་ཟིན་མེད།” ཨ་མེ་རི་ཁའི་རིག་གཞུང་ལས་ཁུངས་དུ་མའི་བསྡོམས་རྩིས་ལྟར་ན། ཨ་མེ་རི་ཁར་ཉུང་མཐར་ཡང་མི་ཁྲི50ལ་དེང་རབས་བྲན་གཡོག་དང་བཙན་ཤེད་ངལ་རྩོལ་གྱི་གནོད་འཚེ་ཐེབས་ཀྱིན་ཡོད། གནོད་འཚེ་ཐེབས་མཁན་གྱི་ཁྲོད་དུ་རྒྱལ་ཁབ་རང་གི་མི་ཡོད་ལ། འཛམ་གླིང་གི་ས་ཁུལ་སོ་སོ་ནས་ཐོན་པའི་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཀྱང་ཡོད། ཐ་ན་བུད་མེད་དང་བྱིས་པ། དབང་བོ་སྐྱོན་ཅན་བཅས་པའི་ཉམས་ཆུང་ཚོགས་སྤྱི་ཡང་ཡོད། ཨ་མེ་རི་ཁའི་མཁས་དབང་ཞིག་གིས་དེང་རབས་བྲན་གཡོག་ལམ་ལུགས་སྔར་བཞིན་ཨ་མེ་རི་ཁར་ཡོངས་ཁྱབ་ངང་གནས་ཡོད་ལ། “རྣམ་པ་གསར་བ་ཞིག་ལ་བསྒྱུར་བཅོས་བྱས་པ་ཙམ་ཡིན”ཞེས་པའི་སྐད་ཆ་རྣོ་ངར་ལྡན་པ་བཤད།

གཞི་ཁྱོན་ཆེ་བའི་མི་འབོར་ཉོ་ཚོང་ཐོན་ལས་དང་བསྡུར་ན། ཨ་མེ་རི་ཁས་མི་འབོར་འདྲེན་འཚོང་ལ་རྡུང་རྡེག་བྱེད་པའི་འབད་བརྩོན་ནི་བཟོ་ལྟ་ཙམ་དུ་ཟད། མཉམ་འབྲེལ་རྒྱལ་ཁབ་ཀྱི་དུག་རྫས་དང་ནག་ཉེས་གནད་དོན་གཞུང་ལས་ཁང་གིས་ད་ལོའི་ཟླ2པར་སྤེལ་བའི《གོ་ལ་ཧྲིལ་བོའི་མི་འབོར་འདྲེན་འཚོང་སྙན་ཞུ》ལས་མངོན་པ་ལྟར་ན། 2017ལོའི་ཟླ7པ་ནས2018ལོའི་ཟླ6པའི་བར། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་ནང་གནས་དང་གཏན་ཁེལ་བྱས་པའི་མི་འབོར་འདྲེན་འཚོང་གནོད་འཚེ་ཐེབས་མཁན8913ཤེས་གསལ་བྱུང་ཡོད། ཧ་ལམ་དུས་སྐབས་གཅིག་གི་ནང་། ཨ་མེ་རི་ཁའི་རྒྱལ་དོན་ཁང་དང་། ཁྲིམས་འཛིན་པུའུ། རྒྱལ་དབང་ས་ཁོངས་བདེ་འཇགས་པུའུ་ཡིས་གྱོན་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པའི་གྱོད་དོན2183ལྷག་ཡོད་ནའང་། ཞུ་གཏུག་བྱས་པའི་མི་གྲངས386ལས་མེད། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྟན་དོན། 2000ལོར《མི་འབོར་འདྲེན་འཚོང་གི་གནོད་འཚེ་ཐེབས་མཁན་སྲུང་སྐྱོབ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་ནས་བཟུང་། མི་འབོར་འདྲེན་འཚོང་དེ་ད་གཟོད་ཨ་མེ་རི་ཁར་ཁྲིམས་འགལ་བྱ་སྤྱོད་དང་མནའ་འབྲེལ་རྒྱལ་ཁབ་ཀྱི་ནག་ཉེས་སུ་བརྩིས། ཨ་མེ་རི་ཁའི《རྒྱུ་ནོར》དུས་དེབ་ཀྱིས་རྣག་ཐོག་འབིག་གཙག་སྒོས་བསྟན་དོན། “མི་འབོར་འདྲེན་འཚོང་དེ་ཨ་མེ་རི་ཁའི་ཡམས་ནད་ཅིག་ཡིན་པ་མ་ཟད། ཉོ་ཚོང་ཆེན་པོ་ཞིག་ཀྱང་ཡིན།” ཨ་མེ་རི་ཁའི་མི་འབོར་འདྲེན་འཚོང་ཐོན་ལས་ཀྱི་ཁེ་སྤོགས་བཟང་ལ། དོ་དམ་ཤུགས་ཆེན་མིན་ཞིང་ཁྲིམས་འཛུགས་འཐུས་ཚང་མིན་ལ། ཁྲིམས་བསྟར་གཟབ་ནན་མིན་པས། ཁྲིམས་འགལ་མི་སྣ་དང་འབྲེལ་ཡོད་ཕན་ཁེའི་ཚོགས་པས་ཉེན་ཁ་གདོང་ལེན་བྱེད་ཕོད་དེ། མི་འབོར་འདྲེན་འཚོང་དེ་ཨ་མེ་རི་ཁར་དར་རྒྱུགས་ཆེ་ཞིང་རྒུད་པ་མེད་པར་གནས། 

མི་འབོར་འདྲེན་འཚོང་གི་གནད་དོན་དེ་ཨ་མེ་རི་ཁ་རང་གི་མིའི་ཐོབ་ཐང་གནད་དོན་གྱི་འཁྱགས་རིའི་ཟུར་སྣེ་ཙམ་ཞིག་ཡིན།  ཉེ་བའི་ལོ་འགའ་དང་། སྒོས་སུ་རིམས་ནད་བྱུང་བ་ནས་བཟུང་། ཨ་མེ་རི་ཁའི“མི་དཀར་བླ་ལྷག་རིང་ལུགས”ཀྱི་སྙིགས་རོ་ཡར་ལངས་ནས། གྲངས་ཉུང་རིགས་རྒྱུད་དང་། ས་གནས་རང་གི་སྡོད་དམངས། ཡུལ་འཁྱར་པ། གནས་སྤོས་ཡུལ་མི་བཅས་ལ་མ་ལག་ལྡན་པའི་སྒོ་ནས་མཐོང་ཆུང་བྱེད་པའི་སྣང་ཚུལ་འབུར་ཐོན་དུ་གྱུར་ཡོད། རང་གི་ཐབས་རྡུགས་པའི་མིའི་ཐོབ་ཐང་གི་ཟིན་ཐོའི་མདུན་དང་། ཨ་མེ་རི་ཁའི་མང་ཚོགས་ཀྱིས་དཀའ་སྡུག་མྱངས་བཞིན་པའི་གནས་ཚུལ་མདུན་དུ། ཨ་མེ་རི་ཁའི“མིའི་ཐོབ་ཐང་གི་བྱང་རྟགས”སྤྱད་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་སྤོབས་པ་གང་ནས་ཡོང་བ་ཡིན། གང་ལྟར། གཞན་ལ་ངན་ཁག་སྤྲས་པ་དེ་རང་གི་རྒྱན་དུ་འགྱུར་མི་སྲིད་ལ། རང་གི་ངན་མཚང་དུ་འགྱུར་བ་ལས་གཞན་མེད། ཨ་མེ་རི་ཁས་དོན་དམ་པར་སྒྲུབ་དགོས་པ་ནི། རང་སྐྱོན་རང་དཔྱད་བྱས་ནས། རང་གིས་བཟོས་པའི་མི་འབོར་འདྲེན་འཚོང་དང་བཙན་ཤེད་ངལ་རྩོལ་སོགས་མིའི་ཐོབ་ཐང་གི་ནག་ཉེས་དག་ཐེར་བྱ་རྒྱུ་དེ་ཡིན་ལ། རང་གི་རྒྱལ་ཁབ་ནང་དུ་རིགས་རྒྱུད་འདྲ་མཉམ་དང་དྲང་བཞག་དོན་འཁྱོལ་བྱས་ནས། ཨ་མེ་རི་ཁའི་མི་དམངས་ལ“བདེ་འཇགས་དང་འབྱོར་ཕྱུག རིན་ཐང”བཅས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་དེ་རེད། །

ཟླ8པའི་ཚེས20ཉིན་གྱི《མི་དམངས་ཉིན་རེའི་ཚགས་པར》ལྟར་བསྒྱུར།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།