དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་མངག་ནས་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས། དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་དེ་ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་བྱུང་བ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་མཐའ་མཚམས་སུ་འཁྲུག་རྩོད་བྱུང་སྟེ། ཅཱ་ཧྲ་ས་ཁུལ་གྱི་མི་སྣས་དབྱི་སི་རལ་གྱི་དམག་མི་གཅིག་རྨས། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་མཚོན་ཆའི་བཟོ་སྐྲུན་དང་གསོག་འཇོག་བྱེད་སའི་རྟེན་གཞི་བཞིར་བར་སྣང་འཇབ་རྒོལ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དཔྱད་འཇོག་བྱས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་དམག་ཤུགས་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ་དང་། ས་ཁུལ་རང་གི་གནས་ཚུལ་གང་རུང་ཐག་གཅོད་བཟང་བོ་བྱེད་པར་གྲ་སྒྲིག་བྱས་ཡོད། 

དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་མང་ཚོགས་མང་བོ་ཚེས་ཉེར་གཅིག་ཉིན་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་དང་། རྔམ་སྟོན་ཁྲོམ་སྐོར་མཁན་སྐོར་ཞིག་གིས་དབྱི་སི་རལ་གྱི་དམག་མིར་མེ་མདས་བརྒྱབ་པ་དང་ལག་འབོམ་བཀོལ་ནས་མཐའ་མཚམས་ཀྱི་བར་གྱང་ལ་གཏོར་བརླག་བྱས་ཏེ། དབྱི་སི་རལ་གྱི་དམག་མི་གཅིག་གི་མགོར་མེ་མདའ་ཕོག ཕཱ་ལེ་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་ལྟར་ན། འཁྲུག་རྩོད་དེ་ལས་ཕཱ་ལེ་སི་ཐན་གྱི་མི་ཞེ་གཅིག་ལ་རྨས་ཕོག་པ་དང་། དེའི་ནང་བྱིས་པ་ཉེར་གཉིས་འདུས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།