ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་ཟླ་བཅུ་གཅིག་པར་དབུ་བཞུགས་བློན་ཆེན་གྱི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་གྱིས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཁོས་ཟླ་བཅུ་གཅིག་པར་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོ་དང་དབུ་བཞུགས་བློན་ཆེན་གྱི་ལས་འགན་བསྐྱུར་རྒྱུ་ཡིན་ཟེར། 

ལེ་ཝུན་གྱིས་ཉིན་དེར་ལོ་རེར་ཐེངས་རེ་སྤེལ་བའི་དབྱར་ཁའི་གཏམ་བཤད་ཁྲོད་བསྟན་དོན། ཁོས་སྤྱི་ཚོགས་དམངས་གཙོ་ཏང་ལ་བརྡ་བརྒྱབ་ཡོད་པ་དང་། ཁོས་ཟླ་བཅུ་གཅིག་པར་བསྡུ་རྒྱུ་ཡིན་པའི་སྤྱི་ཚོགས་དམངས་གཙོ་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་ཏང་གཙོའི་ལས་འགན་བསྐྱུར་རྒྱུ་མ་ཟད། དབུ་བཞུགས་བློན་ཆེན་གྱི་ལས་འགན་ཡང་བསྐྱུར་རྒྱུ་ཡིན་ཟེར། 

ལེ་ཝུན་གྱིས་བཤད་རྒྱུར། ཁོས་སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་གཙོའི་འགན་ཁུར་ནས་ལོ་བཅུ་ཙམ་འགོར་བ་དང་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་ནས་ལོ་བདུན་འགོར་ཡོད། རྗེས་འཛིན་པས་ཆེས་བཟང་བའི་ཆ་རྐྱེན་བསྐྲུན་པའི་རེ་བ་ཡོད་ཟེར། 

མིག་སྔར་ད་རུང་ལེ་ཝུན་བརྗེ་སྤོར་བྱེད་པའི་མི་སྣ་གསལ་བོར་མི་ཤེས། སུའེ་ཏེན་གྱི་རྩ་ཁྲིམས་ལྟར་ན། སྤྱི་ཚོགས་དམངས་གཙོ་ཏང་གིས་ཟླ་བཅུ་གཅིག་པར་སྤེལ་རྒྱུ་ཡིན་པའི་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་ཏང་གཙོ་གསར་བ་བདམས་ཐོན་བྱེད་པ་དང་། གྲོས་ཁང་གིས་དབུ་བཞུགས་བློན་ཆེན་དུ་ཁས་ལེན་བྱེད་པ་རེད། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར། སུའེ་ཏེན་གྱིས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ལེ་ཝུན་གྱིས་མགོ་ཁྲིད་པའི་སྤྱི་ཚོགས་དམངས་གཙོ་ཏང་དང་ཁོར་ཡུག་ཏང་། གཡོན་ཕྱོགས་ཏང་བཅས་ཀྱིས་གྲུབ་པའི་དབུས་གཡོན་ཕྱོགས་ཏང་གི་ཕྱོགས་ཁག་ལ་བརྒྱ་ཆའི་བཞི་བཅུ་ལྷག་གི་འདེམ་ཤོག་ཐོབ་ནས་འདེམ་བསྐོའི་ཁྲོད་རྒྱལ་བ་དང་། དེའི་རྗེས་སུ་སྤྱི་ཚོགས་དམངས་གཙོ་ཏང་དང་ཁོར་ཡུག་ཏང་གིས་གྲངས་ཉུང་ཕྱོགས་ཁག་གི་སྲིད་གཞུང་རྩ་འཛུགས་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།