ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་ལ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྲོས་ཆོད་གཉིས་ལྔ་བརྒྱད་དགུ་བར་གཅིག་གྱུར་གྲོས་མཐུན་བཀོད། གྲོས་ཆོད་དེའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་རེད། གྲོས་ཆོད་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གཙོ་བདག་རྒྱལ་ཁབ་ཀྱིས་རྒྱལ་ནང་གི་བཅའ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་སྟེ། བྱེད་ཐབས་འོས་འཚམ་གང་རུང་སྤྱད་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དམར་གསོད་དང་དྲག་ཤུགས་འཇབ་རྒོལ་བྱེད་པའི་ལག་དམར་དག་ཁྲིམས་ལ་སྦྱོར་དགོས་པའི་སྐུལ་མ་བཏང་། 

གྲོས་ཆོད་ལས་དྲག་ཆས་འཁྲུག་རྩོད་ཀྱི་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་ལག་བསྟར་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གཙོ་བདག་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཆེད་མངག་ཚོགས་པས་མཉམ་ལས་བཟང་བོ་བྱས་ཤིང་། ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ནས། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དམར་གསོད་དང་དྲག་ཤུགས་འཇབ་རྒོལ་བྱེད་པའི་གྱོད་དོན་ལ་གང་རུང་ལ་རྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། 

གྲོས་ཆོད་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གྱོད་དོན་རིགས་འདིའི་དྲ་ཐོག་གི་ཕྱོགས་བསྡུས་གཞི་གྲངས་མཛོད་ཅིག་འཛུགས་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཆོད་ལས་གསལ་བསྒྲགས་བྱས་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁུལ་རྩ་འཛུགས་དང་ཨེ་ཤ་ཡཱ་ས་ཁུལ་གྱི་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གཙོ་བདག་རྒྱལ་ཁབ་ལ་ནུས་པའི་འཛུགས་སྐྲུན་ཐད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་ཆོད་སེམས་བསྟན། 

བདེ་འཇག་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ལག་རྩལ་གསར་བ་བེད་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་འགྲོ་སོང་ཇེ་ཉུང་དང་ཕན་ནུས་ཇེ་མཐོར་གཏོང་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།