ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་ཨ་མེ་རི་ཁའི་མི་ཚང་མ་ཕྱིར་འཐེན་བྱེད་རག་བར་དུ་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་སྡོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨ་མེ་རི་ཁའི་མི་ཚང་མ་ཕྱིར་འཐེན་བྱེད་རག་བར་དུ་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་སྡོད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ཨ་མེ་རི་ཁའི་མི་ཚང་མ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྩིས་ཡོད། གལ་ཏེ་སྐབས་ཐོག་དེར་ཕྱིར་འཐེན་བྱ་བ་ཡོངས་འགྲུབ་བྱེད་མ་ཐུབ་ན། ཨ་མེ་རི་ཁའི་མི་ཚང་མ་ཕྱིར་འཐེན་བྱེད་རག་བར་དུ་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་སྡོད་རྒྱུ་ཡིན་ཟེར། 

ཁོས་ད་རུང་བཤད་རྒྱུར། མིག་སྔར་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཨ་མེ་རི་ཁའི་མི་ཕྱིར་འཐེན་བྱེད་པར་ཆོག་མཆན་བཀོད་ཀྱང་། དེའི་སྔོན་ཨ་མེ་རི་ཁའི་བར་མཉམ་ལས་བྱས་པའི་ཨ་ཧྥུའུ་ཧན་གྱི་མི་རྣམས་ཕྱིར་འཐེན་བྱེད་སྐབས་དཀའ་ཁག་ལ་འཕྲད་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་གྱི་མི་རྣམས་གནམ་གྲུ་ཐང་དུ་འགྲོ་བར་བཀག་འགོག་བྱེད་པའི་གནས་ཚུལ་ལ་དོ་སྣང་བྱེད་བཞིན་ཡོད་ཟེར། མོས་བཤད་རྒྱུར། ཐཱ་ལེ་པན་གྱི་བྱ་སྤྱོད་དེ་ཨ་མེ་རི་ཁར་བཞག་པའི་དམ་བཅའ་དང་འགལ་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐཱ་ལེ་པན་བར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། 

ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཉིན་དེའི་སྔ་དྲོར་སྔོན་བརྡ་བཏང་སྟེ། ཨ་མེ་རི་ཁའི་སྲིད་གཞུང་གིས་མི་སྒེར་གནམ་གྲུ་ཐང་དུ་འགྲོ་བའི་བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་ཟེར། 

རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གྱིས་ཉིན་དེར་ཟུར་ལྔའི་ཐོག་ཁང་ཆེན་མོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཨ་མེ་རི་ཁའི་དམག་མི་སྟོང་བཞི་དང་ལྔ་བརྒྱ་ཁཱ་པོར་གནམ་གྲུ་ཐང་དུ་བཀོད་སྒྲིག་བྱས་ཡོད་ཀྱང་། ཨ་མེ་རི་ཁའི་དམག་མིའི་ལས་འགན་ནི་གནམ་གྲུ་ཐང་གི་བདེ་འཇགས་ལ་འགན་སྲུང་བྱེད་པ་ལས། ཨ་མེ་རི་ཁའི་དམག་མིར་གནམ་གྲུ་ཐང་ནས་མི་སྣ་མང་བོ་སྐྱོབ་པའི་ནུས་པ་མེད་ཟེར། ཁོས་ད་རུང་བཤད་རྒྱུར། ཡུལ་དངོས་ཀྱི་ཨ་མེ་རི་ཁའི་དམག་མི་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་བར་དགྲར་འཛིན་གྱི་བྱ་སྤྱོད་བྱུང་མེད་ཟེར། 

ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཁི་པུས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུ། ཨ་མེ་རི་ཁས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཨ་ཧྥུའུ་ཧན་ནས་མི་སྟོང་གཉིས་ཙམ་ཕྱིར་འཐེན་བྱས་ཟེར། ཨོ་སི་ཏེན་གྱིས་ཕྱིར་འཐེན་བྱས་པའི་མི་གྲངས་དེ་སྔོན་དཔག་ལས་བར་ཁྱད་ཡོད་ཟེར། རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཆ་རྐྱེན་བཟང་བོའི་འོག་ཉིན་རེར་མི་སྟོང་ལྔ་ནས་སྟོང་དགུ་ཕྱིར་འཐེན་བྱེད་པ་མངོན་འགྱུར་བྱེད་ཐུབ་ཟེར། གཞན་ཡང་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མིག་སྔར་ཨ་མེ་རི་ཁའི་མི་ཁྲི་གཅིག་ལྷག་སྔར་བཞིན་ཨ་ཧྥུའུ་ཧན་དུ་བསྡད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།