ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་དུ་ཡོད་པའི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཉེ་འདབས་སུ་ཚེས་བཅུ་དགུ་ཉིན་འགད་རྫས་ཀྱི་འཇིགས་ཉེན་ཐེབས། སྐྱེས་པ་གཅིག་གིས་ཉེན་རྟོག་ཕྱོགས་བར་དུས་ཚོད་འགའི་ནང་འགྲན་བཙུགས་རྗེས་མགོ་སྒུར་ནས་འཛིན་བཟུང་བྱས།
ཨ་མེ་རི་ཁའི་རྒྱལ་ཚོགས་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་མན་ཀི་ཡིས་ཚེས་བཅུ་དགུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་སྔ་དྲོར། ལོ་ཞེ་དགུ་ཡིན་པའི་སྐྱེས་པ་ལོ་སི་པའོ་ལི་ཡིས་རླངས་འཁོར་བསྐོར་ནས་རྒྱལ་ཚོགས་དཔེ་མཛོད་ཁང་གི་མདུན་ངོས་ཀྱི་མི་བགྲོད་རྒྱུ་ལམ་དུ་སོང་བ་དང་། ཉེན་རྟོག་པར་རང་ཉིད་ཀྱིས་འགད་རྫས་བཟུང་ཡོད་པའི་བརྡ་བཏང་ཟེར།
ཡུལ་དངོས་ཀྱི་ཉེན་རྟོག་པས་བཤད་པ་ལྟར་ན། ལོ་སི་པའོ་ལི་ཡིས་ལག་ཏུ་མེ་རྟ་ཞིག་བཟུང་ཡོད་པ་འདྲ་ཟེར། ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཚོགས་དཔེ་མཛོད་ཁང་དང་རྒྱལ་ཕྲན་མཉམ་འབྲེལ་ཆེས་མཐོའི་ཁྲིམས་ཁང་གི་ཐོག་ཁང་ཆེན་མོ། རྒྱལ་ཚོགས་དམངས་གྲོས་ཁང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོ་བཅས་ཉེ་འདབས་ཀྱི་ཐོག་ཁང་ནང་གི་མི་སྣ་བདེ་འཇགས་ས་ཁུལ་དུ་བསྐྱལ་རྗེས་ལོ་སི་པའོ་ལི་དང་གྲོས་མོལ་བྱས་པ་རེད།
དུས་ཚོད་ལྔ་འགོར་རྗེས། ལོ་སི་པའོ་ལི་ཡིས་ཉེན་རྟོག་པར་མགོ་སྒུར་ནས་འཛིན་བཟུང་བྱས། ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་རླངས་འཁོར་ནང་དུ་འགད་རྫས་ཡོད་མིན་ལ་སྔོག་བཤེར་བྱེད་བཞིན་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས་ཟེར།
བསྒྲགས་པ་ལྟར་ན། ལོ་སི་པའོ་ལིའི་སྔོན་ཆད་ཀྱི་ལྕམ་མོས་བཤད་ན་ཁོར་སྨྱོ་ནད་བྱུང་ཡོད་པ་དང་། ཐེངས་མང་བོར་ཁྱིམ་མིར་འཇིགས་སྐུལ་བ་དང་མོར་མེ་མདས་བརྒྱབ་མྱོང་ཟེར།
མིག་སྔར་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱི་གྲོས་ཚོགས་མཚམས་བཞག་ཡོད་པས། རྒྱལ་ཚོགས་རི་བོའི་ཉེ་འདབས་སུ་མི་སྣ་ཅུང་ཉུང་། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་ལའང་གནང་བ་བྱིན་ཡོད་པ་དང་། ཁྲིས་ཁང་ཐོག་ཁང་ཆེན་མོ་དེ་ཡང་རིམས་ནད་སྐབས་སུ་མང་ཚོགས་ལ་སྒོ་འབྱེད་བྱས་མེད།