ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་ཐཱ་ལེ་པན་དང་སྔོན་ཆད་ཀྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཁོ་མིག་སྔར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དུ་ཡོད་པ་དང་། ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་སྔོན་ཆད་ཀྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 

དེ་ནི་ཅཱ་ནེ་ཚེས་བཅོ་ལྔ་ཉིན་ཨ་ཧྥུའུ་ཧན་དང་བྲལ་རྗེས་ཐོག་དང་པོར་ཀུན་གྱི་མཐོང་ཡུལ་དུ་མངོན་པ་རེད། ཅཱ་ནེ་ཡིས་དྲ་ཐོག་ཏུ་བརྙན་རིས་གཏམ་བཤད་སྤེལ་ཏེ། ཁོ་རང་ཨ་ཧྥུའུ་ཧན་དང་མི་འབྲལ་ཐབས་མེད་བྱུང་བ་ཡིན་ལ། བྱ་སྤྱོད་དེ་ལས་ཁྲག་བཞུར་འཁྲུག་རྩོད་དང་གནོད་འཚེ་སྔར་ལས་ཆེན་པོ་འབྱུང་བར་སྔོན་འགོག་ཐུབ་པའི་རེ་བ་ཡིན་ཟེར། 

ཅཱ་ནེ་ཡིས་བཤད་རྒྱུར། ཁོ་ཨ་ཧྥུའུ་ཧན་དང་བྲལ་བའི་ཉིན་དེར། ཁོའི་སྐུ་སྲུང་མི་སྣས་ཁོ་རང་ཉིད་ལ་དམིགས་པའི་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་ཟེར། ཁོས་ཞོར་དུ་རང་ཉིད་ཨ་ཧྥུའུ་ཧན་དང་འབྲལ་སྐབས་རྒྱུ་ནོར་མང་བོ་ཁྱེར་བའི་སྐྱོན་འཛུགས་དེ་ཁས་ལེན་མ་བྱས་པ་དང་། དེ་ནི་ཁུངས་ལུང་མེད་པའི་རྫུན་གཏམ་རེད་ཟེར། 

ཅཱ་ནེ་ཡིས་བསྟན་དོན། ཁོས་ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་སྔོན་ཆད་ཀྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་སོགས་སྔོན་ཆད་ཀྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་རེ་ཡོད་ཟེར། མིག་སྔར་ཁོས་འབྲེལ་ཡོད་ཕྱོགས་བར་གྲོས་མོལ་བྱས་ཏེ། ཕྱིར་ཨ་ཧྥུའུ་ཧན་དུ་ལོག་ནས་མུ་མཐུད་དུ་ཨ་ཧྥུའུ་ཧན་མི་དམངས་ལ་ཞབས་འདེགས་ཞུ་བར་བརྩོན་ལེན་བྱེད་བཞིན་ཡོད་ཟེར། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་ཐུང་ངུ་ཞིག་སྤེལ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མི་ཆོས་རིང་ལུགས་ཀྱི་ལངས་ཕྱོགས་བཟུང་སྟེ་ཙུང་ཐུང་ཅཱ་ནེ་དང་དེའི་ཁྱིམ་མི་དག་རང་གི་མངའ་ཁོངས་སུ་ཡོང་བར་དགའ་བསུ་ཞུས་པ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།