ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་ཕྱོགས་ཀྱིས་ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་མི་སྣ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

དབྱི་རག་དམག་ཕྱོགས་ཀྱི་དཔོན་པོ་ཅཱ་ལེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣའི་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་ཞིན་ཅཱ་ཨར་གྲོང་རྡལ་ཉེ་འདབས་སུ་ཡོད་པའི་སྨན་ཁང་ཞིག་འགས་གཏོར་བཏང་སྟེ། དྲག་ཆས་མི་སྣ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བཀོད་འདོམ་དཔོན་པོ་གཅིག་འདུས་ཟེར། 

དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རླངས་འཁོར་ཞིག་ལ་ཚེས་བཅུ་དྲུག་ཉིན་ཞིན་ཅཱ་ཨར་གྲོང་རྡལ་ནས་ཐུར་ཁེའི་མི་བསྡད་མེད་པའི་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེབས་ཏེ། རླངས་འཁོར་སྟེང་གི་ཁུའུ་ཨར་ཏི་བཟོ་བའི་ཏང་བར་འབྲེལ་འདྲིས་ཟབ་མོ་ཡོད་པའི་དྲག་ཆས་མི་སྣ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཡོད་ཟེར། 

གཞན་ཡང་ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་དྲག་ཆས་དམག་དཔུང་གིས་འདས་པའི་ལོ་ངོ་ཉེར་བཞིའི་ནང་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་སྐབས་འཇིགས་སྐུལ་ཉེས་ཅན་བརྒྱད་བསད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།