ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་ཧྥུའུ་ཧན་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་མཉམ་དུ་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་གྱི་མགོ་ཁྲིད་པ་རྒྱལ་ཁབ་རང་དང་ཁ་བྲལ་བ་དང་། ཨ་ཧྥུའུ་ཧན་གྱི་ད་ལྟའི་སྲིད་གཞུང་རྩ་རྫོགས་བྱས་རྗེས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། ཨ་ཧྥུའུ་ཧན་དུ་མིག་སྔར་བྱུང་བའི་དོན་དངོས་ཐོག་གི་སྲིད་དབང་བརྗེ་སྤོར་ལ་གྲོས་བསྡུར་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། པུའུ་ལིན་ཁུན་གྱིས་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དུ་ཡོད་པའི་གཞུང་ཚབ་ཁང་གི་མི་སྣ་ཕྱིར་འཐེན་བྱེད་ཆེད་སྤྱད་པའི་འབྲེལ་ཡོད་བྱེད་ཐབས་དང་། མིག་སྔའི་གནས་བབ་ཐག་གཅོད་བྱེད་པར་སྤྱད་པའི་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་འགུལ་སྐྱོད་སྙན་ཞུ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་ཨ་ཧྥུའུ་ཧན་གྱི་མིག་སྔའི་གནས་བབ་ཐད་ཀྱི་དཔྱད་འཇོག་དང་། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གིས་གཏན་འཇགས་དང་བཅའ་ཁྲིམས་སྒྲིག་ལམ་གཏན་འཇགས་ཡོང་བའི་ཆེད་དུ། ཨ་ཧྥུའུ་ཧན་གྱི་ཆབ་སྲིད་སྟོབས་ཤུགས་གཙོ་བོའི་འཐུས་མིར་འབྲེལ་འདྲིས་བྱས་པའི་གནས་ཚུལ་སྙན་ཞུ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཀྲུང་གོ་དང་ཕཱ་ཁི་སི་ཐན། འབྲེལ་ཡོད་རྒྱལ་ཁབ་གཞན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་བཅས་བར་མུ་མཐུད་དུ་གྲོས་མོལ་བྱས་ཏེ། གནས་བབ་གསར་བའི་འོག་བཟོད་སྒོམ་རང་བཞིན་གྱི་ཨ་ཧྥུའུ་ཧན་གྱི་ནང་ཁུལ་གྲོས་མོལ་མགོ་རྩོམ་པར་ཆ་རྐྱེན་བསྐྲུན་འདོད་ཡོད་པའི་ཚུལ་བསྟན་ཟེར། 

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། པུའུ་ལིན་ཁུན་གྱིས་ཉིན་དེར་ལཱ་ཧྥུའུ་ལོ་ཧྥུའུ་དང་མཉམ་དུ་ཨ་ཧྥུའུ་ཧན་གྱི་གནས་བབ་འཕེལ་རྒྱས་ཐད་ནས་ཁ་པར་གྲོས་མོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་དང་ཨ་མེ་རི་ཁ་ཕྱོགས་ཀྱི་ཕྱིར་འཐེན་འགུལ་སྐྱོད་སོགས་ལ་གྲོས་བསྡུར་བྱས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།