ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་གསར་བ་འཛུགས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཨ་ཧྥུའུ་ཧན་གྱི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་རྗེས་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་མྱུར་མོར་དགྲར་འཛིན་གྱི་འགུལ་སྐྱོད་ཡོད་ཚད་མཚམས་བཞག་སྟེ། བཟོད་སྒོམ་རང་བཞིན་གྱི་གྲོས་མོལ་ལ་བརྟེན་ནས་མཐུན་སྒྲིལ་དང་བཟོད་སྒོམ། འཐུས་ཚབ་རང་བཞིན་ལྡན་པའི་སྲིད་གཞུང་གསར་བ་ཞིག་འཛུགས་པ་དང་། བུད་མེད་དག་འདྲ་མཉམ་དང་དོན་སྙིང་ལྡན་པའི་སྒོ་ནས་ཟབ་ཞུགས་གང་ལེགས་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བསྟན་དོན། ཨ་ཧྥུའུ་ཧན་ལས་ཁུངས་ཀྱི་རྒྱུན་མཐུད་རང་བཞིན་ངེས་པར་དུ་སྲུང་འཛིན་བྱེད་དགོས་པ་དང་། ཨ་ཧྥུའུ་ཧན་གྱི་རྒྱལ་སྤྱིའི་འོས་འགན་ལ་ངེས་པར་དུ་བརྩི་འཇོག་ཐོབ་དགོས་ལ། ཨ་ཧྥུའུ་ཧན་དང་རྒྱལ་ཁབ་གཞན་པའི་སྤྱི་དམངས་ཀྱི་བདེ་འཇགས་ལ་ངེས་པར་དུ་འགན་སྲུང་ཐོབ་དགོས་ཟེར། གསལ་སྒྲོག་ལས་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་དྲག་ཤུགས་མཚམས་བཞག་སྟེ་བདེ་འཇགས་དང་བཅའ་ཁྲིམས་ཀྱི་སྒྲིག་ལམ་སླར་གསོ་བྱེད་པ་དང་། མྱུར་དུ་གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་དེའི་མིག་སྔའི་དབང་ཆའི་ཉམས་ཉེན་ཐག་གཅོད་བྱས་ཤིང་། ཨ་ཧྥུའུ་ཧན་གྱི་མི་གཙོ་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་མིར་དབང་བའི་མི་རིགས་འགྲིག་མཐུན་འཕེལ་རིམ་ལ་བརྟེན་ནས་ཞི་བའི་སྒོ་ནས་ཇུས་གཞི་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་ཕྱོགས་སོ་སོས་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་རྩ་དོན་དང་འགལ་བའི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་པའི་སྐུལ་མ་བཏང་། ཕྱོགས་སོ་སོས་གནས་ཚུལ་གང་རུང་འོག་ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་འོས་འགན་བརྩི་སྲུང་བྱེད་དགོས་པ་ནན་གྱིས་བསྟན། དེའི་ནང་མི་སེར་དཀྱུས་མའི་འོས་འགན་འདུས་ཡོད། གསལ་སྒྲོག་ལས་ཨ་ཧྥུའུ་ཧན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཕྱོགས་སོ་སོས་མྱུར་ཞིང་བདེ་འཇགས་ཡིན་ལ། བཀག་རྒྱ་མེད་པའི་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་དེ་མི་ཆོས་རོགས་སྐྱོར་དངོས་རྫས་དག་དགོས་མཁོ་ཡོད་པའི་མིའི་ལག་ཏུ་འབྱོར་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་ཨ་ཧྥུའུ་ཧན་གྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་ཤིང་། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་དེ་རྒྱལ་ཁབ་གཞན་པར་འཇིགས་ཉེན་དང་འཇབ་རྒོལ་བྱེད་པའི་གནས་སུ་མི་འགྱུར་བར་འགན་སྲུང་བྱེད་དགོས་ལ། ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་གྱི་རྩ་འཛུགས་དང་མི་སྒེར་གཞན་པས་རྒྱལ་ཁབ་གཞན་པའི་འཇིགས་སྐུལ་ཉེས་ཅན་ལ་རྒྱབ་སྐྱོར་བྱེད་མི་རུང་ཟེར། གསལ་སྒྲོག་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པའི་བྱ་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་བདེ་འཇགས་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་གལ་ཆེན་རང་བཞིན་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།