ཀྲུང་གོ་དང་ཧྥ་རན་སེའི་ཁ་ལོ་བའི་འཛིན་ཡིག་ཕན་ཚུན་ཁས་ལེན་དང་བརྗེ་རེས་བྱེད་པའི་གྲོས་མཐུན་ཚེས17ཉིན་ནས་ནུས་པ་ཐོན་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཚེས16ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་མི་སྣའི་ཕ་རོལ་པའི་རྒྱལ་ཁབ་དུ་རླངས་འཁོར་བསྐོར་བར་སྟབས་བདེ་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཚོང་དོན་མཉམ་ལས། མི་སྣ་འགྲོ་འོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད།  ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་འཛིན་ཡིག་ཕན་ཚུན་ཁས་ལེན་དང་བརྗེ་རེས་བྱེད་པའི་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་དེ།  ཕྱོགས་གཉིས་པོའི་རྒྱལ་ཁབ་ཀྱིས་སྤྲད་པའི་ཁ་ལོ་བའི་འཛིན་ཡིག་རྒྱུགས་སྤྲོད་མི་དགོས་པར་ཕན་ཚུན་ཁས་ལེན་དང་བརྗེ་རེས་བྱེད་པ་མངོན་འགྱུར་བྱས།  གྲོས་མཐུན་དེ2021ལོའི་ཟླ8པའི་ཚེས17ཉིན་ནས་དངོས་སུ་ནུས་པ་ཐོན་པ་དང་། གྲོས་མཐུན་ལྟར་ན། ཕྱོགས་གཉིས་པོས་ཕ་རོལ་པའི་རྒྱལ་ཁབ་ཀྱིས་སྤྲད་པའི་ཁ་ལོ་བའི་འཛིན་ཡིག་ཁས་ལེན་བྱེད་པ་དང་། ཕྱོགས་གཅིག་གིས་ཕ་རོལ་པའི་རྒྱལ་ཁབ་ཀྱི་ཁ་ལོ་བའི་འཛིན་ཡིག་ཡོད་མཁན་དེའི་མངའ་ཁོངས་སུ་རླངས་འཁོར་བསྐོར་ཆོག་པའམ་ཡང་ན་རྒྱུགས་སྤྲོད་མི་དགོས་པར་ཁ་ལོ་བའི་འཛིན་ཡིག་བརྗེ་ལེན་བྱས་ཆོག  གནས་སྐབས་སུ་ཕ་རོལ་པོའི་རྒྱལ་ཁབ་དུ་ཡོང་ནས་ལོ་གཅིག་ལས་འགོར་མེད་པ་ལ། ཕྱོགས་གཉིས་པོའི་ཁ་ལོ་བའི་འཛིན་ཡིག་ཕན་ཚུན་ཁས་ལེན་བྱ་རྒྱུ་ཡིན་པ་དང་།  ཕ་རོལ་པའི་རྒྱལ་ཁབ་དུ་བསྡད་ནས་ལོ་གཅིག་འགོར་བའི་རིགས་ལ། ཕྱོགས་གཉིས་པོའི་ཁ་ལོ་བའི་འཛིན་ཡིག་རྒྱུགས་སྤྲོད་མི་དགོས་པར་བརྗེ་ལེན་བྱས་ཆོག ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་སློབ་མར་མཚོན་ན། ཕྱོགས་གཉིས་པོས་དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད། དེ་སྔོན་རང་རྒྱལ་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པི་ལི་ཧྲི་རྒྱལ་ཁབ་ཀྱི་ཁ་ལོ་བའི་འཛིན་ཡིག་ཕན་ཚུན་ཁས་ལེན་དང་བརྗེ་ལེན་བྱས་པ་དང་། སར་པི་ཡ་དང་ཁ་ལོ་བའི་འཛིན་ཡིག་ཕན་ཚུན་ཁས་ལེན་དང་བརྗེ་ལེན་གྱི་གྲོས་མཐུན་བཞག་ཡོད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།