ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་སྤེལ་བར་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་བཅུ་བཞི་ཉིན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་སྤེལ་བར་ཁས་ལེན་བྱས་པ་དང་། གྲོས་མོལ་སྤེལ་བ་དེ་རྒྱལ་ཁབ་ཀྱི་ཞི་བདེ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར། 

མཱ་ཏུའུ་ལོ་ཡིས་ཉིན་དེའི་དགོང་མོར་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་སྤྱི་བའི་བྱ་འགུལ་ཞིག་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ནམ་རྒྱུན་རྒྱལ་ནང་གི་ཞི་བདེ་དང་རྩ་ཁྲིམས་བརྩི་འཇོག ཕྱི་ཕྱོགས་ཀྱི་བཀག་སྡོམ་མེད་པར་གཏོང་བ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་མཚམས་འཇོག་པ་སོགས་ལས་དོན་ཐད་ནས་ངོ་རྒོལ་ཕྱོགས་ཁག་སོ་སོའི་བར་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། རྒྱལ་ནང་གི་ཞི་བདེ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཟེར། 

མཱ་ཏུའུ་ལོ་ཡིས་ད་རུང་ནོར་ཝེ་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་དང་། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁོངས་རྒྱལ་ཁབ་ཐུན་མོང་ཚོགས་པ་བཅས་ཀྱིས་ཐེངས་འདིའི་གྲོས་མོལ་ལ་མཐུན་སྦྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། 

ཨ་མེ་རི་ཁ་དང་ཡོ་རོབ་གླིང་། ཁཱ་ནཱ་ཏཱ་བཅས་ཀྱིས་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་བསྟན། གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་གསུམ་ཐོབ་པར་སྐུལ་འདེད་བཏང་ན། ཕྱོགས་གསུམ་གྱིས་ཝེ་ནེ་ཙུའེ་ལཱའི་བཀག་སྡོམ་སྲིད་ཇུས་ལ་ཡང་བསྐྱར་དཔྱད་ཞིབ་བྱེད་འདོད་ཡོད་ཟེར། 

ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་ཚེས་བཅུ་གསུམ་ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་ནས། རྒྱལ་ནང་གི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱས། ཉིན་དེའི་ཕྱི་དྲོར། གྲོས་མོལ་ཕྱོགས་ཁག་གཉིས་དང་ནོར་ཝེ། མའོ་ཞི་ཁོ་སོགས་མཐུན་སྦྱོར་ཕྱོགས་ཀྱི་འཐུས་མིས་མའོ་ཞི་ཁོའི་རྒྱལ་བཙུགས་མིའི་རིགས་རིག་པའི་རྟེན་མཛོད་ཁང་ནས་གྲོས་མོལ་སྤེལ་བའི་མཛད་སྒོ་བསྡུས་པ་དང་། ཝེ་ནེ་ཙུའེ་ལཱའི་ཕྱོགས་ཁག་གཉིས་ཀྱི་འཐུས་མིས་མཛད་སྒོའི་སྟེང་མཉམ་དུ་བཟོད་སྒོམ་བརྗེད་ཐོ་བཀོད། 

བཟོད་སྒོམ་བརྗེད་ཐོ་ལྟར་ན། ཕྱོགས་གཉིས་ཀྱིས་དགོས་ངེས་ཀྱི་ཆ་རྐྱེན་ལ་གྲོས་བསྡུར་བྱས་ཏེ། འདེམ་བསྐོའི་ལས་རིམ་དེ་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་སྤེལ་བར་ཕྱོགས་ཡོངས་ནས་འགན་སྲུང་བྱེད་རྒྱུ་རེད། ཚོད་དཔག་བྱས་ན་ཐེངས་འདིའི་གྲོས་མོལ་དེ་ཚེས་བཅུ་དྲུག་ཉིན་བར་སྤེལ་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།