ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་མི་སྣ་རྒྱལ་ས་ཁཱ་པོར་དུ་བསླེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་རྒྱལ་ས་ཁཱ་པོར་དུ་བསླེབས་ཡོད་ཟེར། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་ཁྱབ་སྒྲོག་བྱས་དོན། ཁཱ་པོར་གྱི་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་འགན་འཁྲི་བསྐྱུར་ནས་ཕྱོགས་བཞིར་ཐོར་བས། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་ཁཱ་པོར་གྲོང་ཁྱེར་དུ་བསླེབས་ཏེ། མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་དང་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར། 

ཉིན་དེའི་སྔ་དྲོར་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་དྲ་ཐོག་ནས་བསྟན་དོན། ཐཱ་ལེ་པན་གྱི་འཐུས་མིས་ཁཱ་པོར་ནས་ཨ་ཧྥུའུ་ཧན་གྱི་སྲིད་གཞུང་བར་ཞི་བའི་སྒོ་ནས་དབང་ཆ་བརྒྱུད་སྤྲོད་བྱེད་པར་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། ཨ་ཧྥུའུ་ཧན་གྱི་ནང་སྲིད་བློན་ཆེན་ཚབ་མ་མུས་ཨར་ཀྲ་མཁའ་ལེ་ཡིས་ཉིན་དེར་བཤད་རྒྱུར། སྲིད་གཞུང་གིས་དབང་ཆ་དེ་བར་བརྒལ་སྲིད་གཞུང་ལ་བརྒྱུད་སྤྲོད་བྱེད་ངེས་ཡིན་ཟེར། 

ཨ་ཧྥུའུ་ཧན་གྱི་མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཨ་ཧྥུའུ་ཧན་དང་ཁ་བྲལ་ཡོད་ཟེར། ཐཱ་ཅི་ཁི་སི་ཐན་གྱི་གསར་འགྱུར་ལས་རིགས་ཀྱིས་ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱི་དྲངས་ནས་བསྒྲགས་པ་ལྟར་ན། ཅཱ་ནེ་ཐཱ་ཁི་སི་ཐན་དུ་སོང་བ་དང་། དེ་ནས་རྒྱལ་ཁབ་གཞན་པར་འགྲོ་ངེས་རེད་ཟེར། ཡིན་ཡང་གནས་ཚུལ་དེར་ཨ་ཧྥུའུ་ཧན་སྲིད་གཞུང་ཕྱོགས་ཀྱི་བདེན་དཔང་ཐོབ་མེད། 

ཨ་ཧྥུའུ་ཧན་ས་གནས་གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཁཱ་པོར་ཡོངས་སུ་བསྐོར་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།