ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་གང་ནུས་ཀྱིས་ཟང་ཟིང་ལ་སྔོན་འགོག་བྱེད་རྒྱུའི་ཚུལ་བསྟན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་ཉམས་ཉེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་བརྙན་འཕྲིན་ཁང་གིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡི་བརྙན་འཕྲིན་གཏམ་བཤད་གཏོང་བཞིན་པ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་དང་ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་བར་གྱི་འཐབ་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་བ་དང་། ཐཱ་ལེ་པན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་བཞིའི་ལྟེ་གནས་གྲོང་ཁྱེར་ཁྲོད་ཀྱི་བཅུ་དགུ་བཙན་བཟུང་བྱས་ཡོད་པར་བསྒྲགས་ཡོད་ལ། ས་དེའི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་གང་ནུས་ཀྱིས་རྒྱལ་ཁབ་ཀྱི་གཏན་འཇགས་སྲུང་འཛིན་དང་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར། དེའི་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་འཁྲུག་རྩོད་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཅཱ་ནེ་ཡིས་ཉིན་དེའི་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཁྲོད་བསྟན་དོན། ཙུང་ཐུང་ཡིན་པའི་ཆ་ནས་ཁོས་གནས་བབ་སྔར་ལས་ཟང་ཟིང་དུ་འགྱུར་བར་བཀག་འགོག་བྱས་ཏེ། དྲག་ཤུགས་དོན་རྐྱེན་མུ་མཐུད་དུ་རྒྱ་ཡན་དུ་འགྲོ་བ་དང་མང་ཚོགས་སྔར་ལས་མང་བོའི་ཁྱིམ་གཞིས་ཤོར་བར་སྔོན་འགོག་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན། དམིགས་འབེན་དེ་འགྲུབ་པར་ངས་ཆབ་སྲིད་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་མི་སྣའི་བར་རྒྱ་ཆེར་གྲོས་མོལ་བྱས་པ་དང་། མྱུར་མོར་མི་དམངས་ལ་གྲོས་མོལ་གྱི་མཇུག་འབྲས་མཉམ་སྤྱོད་བྱེད་དུ་འཇུག་ངེས་ཡིན་ཟེར། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་བཅུ་བཞི་ཉིན་དྲ་ཚིགས་བརྒྱུད་ནས་བསྟན་དོན། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྲ་ལན་བཙན་བཟུང་བྱས་ཡོད་ཟེར། ཐཱ་ལེ་པན་ཕྱོགས་ཀྱི་བརྗོད་ཚུལ་ལྟར་ན། ཁོ་ཚོས་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་བཞིའི་ཁྲོད་ཀྱི་ཞིང་ཆེན་བཅུ་དགུའི་ལྟེ་གནས་གྲོང་ཁྱེར་བཙན་བཟུང་བྱས་ཡོད་ཟེར། མིག་སྔར་ཨ་ཧྥུའུ་ཧན་སྲིད་གཞུང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ཟླ་འདིའི་ཚེས་བཅུ་གསུམ་ཉིན། ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཁི་པུས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། ཟུར་ལྔའི་ཐོག་ཁང་ཆེན་མོས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དབང་ཁོངས་སུ་གཏོགས་པའི་ས་ཁུལ་ནས་རྐང་དམག་སྟོང་ཤོག་གསུམ་སྟེ་ཨ་མེ་རི་ཁའི་དམག་མི་སྟོང་གསུམ་ཙམ་ཁཱ་པོར་གནམ་གྲུ་ཐང་དུ་བཀོད་སྒྲིག་བྱས་ཏེ། ཕྱི་འབྲེལ་མི་སྣ་སོགས་བདེ་འཇགས་ངང་ཕྱིར་འཐེན་བྱེད་པར་ཁག་ཐེག་བྱས་ཟེར། 

དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཧྭ་ལའེ་ཧྲི་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་ནི་ནོར་འཆུག་ཅིག་ཡིན་པ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་འགན་ཁུར་དགོས་ཟེར། ཁོས་བཤད་རྒྱུར། དམག་དཔུང་ཕྱིར་འཐེན་གྱི་གྲོས་མཐུན་ལྟར་ན། དབྱིན་ཇིའི་དམག་དཔུང་ལ་གདམ་གསེས་གཞན་པ་མེད་པར་ཨ་མེ་རི་ཁའི་དམག་དཔུང་དང་འགྲོགས་ནས་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་མི་བྱེད་ཐབས་མེད་ཡིན་ཡང་། གལ་ཏེ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་ན། དབྱིན་ཇིའི་དམག་དཔུང་ཡང་བསྐྱར་ཨ་ཧྥུའུ་ཧན་དུ་ལོག་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་དགོས་མཁོ་དུས་ངེས་མེད་དུ་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། འདས་པའི་ཟླ་ངོ་གཅིག་གི་ནང་མི་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར་བའམ་རྨས་ཕོག ཧི་ཨར་མན་ཏི་ཞིང་ཆེན་དང་ཁན་ཏཱ་ཧཱ་ཞིང་ཆེན། ཧི་ལཱ་ཐི་ཞིང་ཆེན་བཅས་ཀྱི་གནས་བབ་ལྷག་ཏུ་ཚབས་ཆེན་རེད་ཟེར། ཁོས་བཤད་རྒྱུར། ཉུང་མཐར་ཡང་མི་འབུམ་གཉིས་དང་ཁྲི་བཞི་སྟོང་གཅིག་ལྷག་རང་ཁྱིམ་དང་ཁ་མི་འབྲལ་ཐབས་མེད་བྱུང་ཞིང་། སྨན་ཁང་དུ་ནད་པས་འཚང་ཁ་བྱེད་པ་དང་། ཁ་ཟས་དང་སྨན་བཅོས་ཡོ་བྱད་ཇེ་ཉུང་དུ་འགྲོ་བཞིན་ཡོད། གཞུང་ལམ་དང་ཟམ་པ། སློབ་གྲྭ། སྨན་ཁང་། དེ་མིན་རྨང་གཞིའི་སྒྲིག་ཆས་གཞན་པར་གཏོར་བརླག་ཐེབས་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཕྱོགས་ཁོ་སོས་འཁྲུག་རྩོད་ལས་བཟོས་པའི་ཤི་རྨས་དང་། མི་སེར་དཀྱུས་མར་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་དང་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཆོག་ཟེར། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱས་པའི་ཆབ་སྲིད་གྲོས་མོལ་གྱིས་ད་གཟོད་ཞི་བདེ་ལ་འགན་སྲུང་བྱེད་ཐུབ་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།