ཧེ་ཐིའི་ནུབ་ཕྱོགས་ས་ཁུལ་དུ་ས་འགུལ་བྱུང་སྟེ་མི་ཉིས་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཧེ་ཐིའི་ནུབ་ཕྱོགས་ས་ཁུལ་དུ་ཚེས་བཅུ་བཞི་ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་སྟེ། མིག་སྔར་མི་ཉིས་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཧེ་ཐིའི་དམངས་སྲུང་སྡེ་ཁག་གིས་ཉིན་དེའི་ཕྱི་དྲོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ས་འགུལ་དེ་ལས་ཉུང་མཐར་ཡང་མི་ཉིས་བརྒྱ་དང་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱ་ཕྲག་འགར་རྨས་ཕོག་པའམ་གར་སོང་རྙེད་མེད་ཟེར། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ས་དེའི་སྨན་ཁང་གིས་མུ་མཐུད་དུ་རྨས་མར་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཧེ་ཐིའི་ཙུང་ལི་ཧིན་ལེ་ཡིས་དྲ་ཐོག་ནས་བསྟན་དོན། ཁོ་གནོད་ཐེབས་ས་ཁུལ་དུ་འབྱོར་ནས་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱེད་བཞིན་ཡོད་ལ། ཧིན་ལེ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཧེ་ཐི་ཡིས་དུས་ཡུན་ཟླ་ངོ་གཅིག་གི་རྒྱལ་ཁབ་བྲེལ་མྱུར་རྣམ་པ་ལག་བསྟར་བྱེད་མགོ་བརྩམས། 

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་འགུལ་ཆ་འཕྲིན་དྲ་བས་བསྒྲགས་པ་ལྟར་ན། ཧེ་ཐིའི་ནུབ་ཕྱོགས་ཀྱི་ནེ་ཕུའུ་སི་ཞིང་ཆེན་གྱིས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་དང་སྐར་མ་ཉེར་དགུའི་སྟེང་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་། ཧེ་ཐིའི་རྒྱལ་ས་རྒྱལ་སྲས་གྲུ་ཁའི་བར་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡོད་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཙམ་ཡོད། དེའི་རྗེས་སུ་ཡང་བསྐྱར་ས་འགུལ་བྱུང་བ་ཐེངས་འགར་བྱུང་ཡོད་ཟེར། 

ཧེ་ཐི་ནི་ཅཱ་ལེ་པུས་མཚོ་ཁོངས་བྱང་མའི་དབྱེ་སི་ཕཱ་ནེ་ཨོ་ལཱ་གླིང་ཕྲན་དུ་གནས་པ་དང་། མི་གྲངས་བྱེ་བ་གཅིག་ལས་བརྒལ་ཡོད། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།