ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་གྱི་ས་ཁུལ་མང་བོར་ཞི་པའོ་ལེ་ཡཱའི་ནགས་ཚལ་མེ་སྐྱོན་གྱི་ཤུགས་རྐྱེན་ཐེབས་ནས་མཁའ་དབུགས་ལ་སྦགས་བཙོག་ཚབས་ཆེན་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མོང་གོལ་རྒྱལ་ཁབ་གནམ་གཤིས་དང་ཁོར་ཡུག་ལྟ་ཞིབ་ཚད་འཇལ་ཅུའུ་ཡི་ཆེད་མཁས་པས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཨུ་རུ་སིའི་ཞི་པའོ་ལེ་ཡཱ་ས་ཁུལ་གྱི་ནགས་ཚལ་མེ་སྐྱོན་གྱི་ཤུགས་རྐྱེན་ཐེབས་ཏེ། མོང་གོལ་གྱི་ས་ཁུལ་མང་བོར་བསྟུད་མར་ཉིན་འགའི་རིང་མཁའ་དབུགས་ལ་སྦགས་བཙོག་ཚབས་ཆེན་ཐེབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། གཟའ་འཁོར་སྔོན་མའི་ཚུན་ལ། རྒྱལ་ས་ཝུའུ་ལན་པཱ་ཐའོ་དང་བཅས་པའི་མོང་གོལ་དབུས་ཕྱོགས་དང་བྱང་ཕྱོགས་ས་ཁུལ་དུ་ནམ་རྒྱུན་དུད་སྨུག་གིས་ཡོངས་སུ་གཡོགས་ཡོད་ལ། མཁའ་དབུགས་ལ་སྦགས་བཙོག་ཚབས་ཆེན་ཐེབས་ཡོད། ས་ཁུལ་རེ་འགར་མཐོང་ཚད་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད་ཟེར། ཆེད་མཁས་པས་བཤད་རྒྱུར། དུད་སྨུག་དེ་གཙོ་བོ་ཨུ་རུ་སིའི་ཞི་པའོ་ལེ་ཡཱའི་ནགས་ཚལ་མེ་སྐྱོན་ལས་བྱུང་བ་རེད་ཟེར། 

ཝུའུ་ལན་པཱ་ཐའོ་གྲོང་ཁྱེར་གྱི་སྨན་ཁང་གསུམ་པའི་དབུགས་ལམ་ཚན་ཁག་གི་སྨན་པ་མིན་ཧི་ཨི་ཨར་ཏིན་གྱིས་བསྟན་དོན། ཉེ་སྔོན་སྨན་ཁང་དུ་བསྡུ་ལེན་བྱས་པའི་དབུགས་ལམ་ནད་བྱུང་བའི་ནད་པ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། གློ་ནད་ཀྱི་བྱུང་ཚད་ཇེ་མཐོར་སོང་ཡོད་ཟེར། དབུགས་ལམ་ཚན་ཁག་གི་ཆེད་མཁས་པས་མཁའ་དབུགས་ཀྱི་སྦགས་བཙོག་ཚབས་ཆེ་བའི་ས་ཁུལ་གྱི་མང་ཚོགས་དག་གང་ནུས་ཀྱིས་ཕྱི་རོལ་དུ་མི་འགྲོ་བ་དང་། ཕྱིར་འགྲོ་དུས་ཁ་ཐུམ་བརྒྱག་དགོས་པའི་གྲོས་གཞི་བཏོན། 

མོང་གོལ་གནམ་གཤིས་ཆེད་མཁས་པས་བསྟན་དོན། རྒྱལ་ཁབ་དེའི་མཁའ་དབུགས་ལ་སྦགས་བཙོག་ཐེབས་པའི་གནས་ཚུལ་དེ་གཟའ་འཁོར་འདིར་ཇེ་བཟང་ལ་འགྲོ་བའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།