ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཙུང་ཐུང་གིས་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་ཉིན་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། ཙུང་ལི་ཨ་ཨར་ནོའུ་སི་ཡིས་རྩ་འཛུགས་བྱས་པའི་ནེ་ཀི་གསར་བའི་ཁོངས་མིའི་མིང་ཐོར་ཆོག་མཆན་བཀོད་པ་དང་། སྔོན་ཆད་ཀྱི་ནེ་ཀིའི་ཁོངས་མི་མང་ཆེ་བ་སོར་འཇོག་བྱས་ཡོད་ཟེར། 

སྐབས་གསར་བའི་ནེ་ཀི་དེ་ཙུང་ལི་ཨ་ཨར་ནོའུ་སི་དང་པུའུ་ཀྲང་ཉེར་དགུ་ཡིས་གྲུབ་ཡོད། ཙུང་ལི་ལས་གཞན་སྔོན་ཆད་ཀྱི་ནེ་ཀིའི་ཁྲོད་ཀྱི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་པུའུ་ཏུའུ་ལཱ་ཨ་ཡུག་པུའུ་དང་། ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་མཱེ་ཁི་ཏཱ་ཏི། ནེ་སྲིད་པུའུ་ཀྲང་ལཱ་ཧི་མིན་སོགས་འདུས་པའི་ཁོངས་མི་ཉེར་བཞི་སོར་འཇོག་བྱས་ཡོད་ལ། གསར་འགྱུར་པུའུ་ཀྲང་སོགས་ཁོངས་མི་ལྔ་ནི་གསར་དུ་བསྐོ་འཇོག་བྱས་པ་རེད། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་དྲུག་པར། པཱ་ཧྲ་ཨར་གྱིས་སྐབས་དེའི་ཙུང་ལི་ཧཱ་མུས་སིའི་ལས་འགན་བླངས་པ་དང་། ཆུའི་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ཨ་ཨར་ནོའུ་སི་ཙུང་ལི་ཚབ་མར་བསྐོ་འཇོག་བྱས། ལོ་དེའི་ཟླ་བརྒྱད་པར། པཱ་ཧྲ་ཨར་གྱིས་ཨ་ཨར་ནོའུ་སི་ཡིས་ཙུང་ལིའི་འགན་ཁུར་ནས་ནེ་ཀི་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། 

ད་ལོའི་ཟླ་ལྔ་བར། པཱ་ཧྲ་ཨར་གྱིས་སི་རི་ཡཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད་བསྟུད་འགན་ཁུར་བ་དང་། ཟླ་བདུན་པར་དམ་བཅའ་བཞག་སྟེ་ལས་འགན་ཁུར། ཟླ་བརྒྱད་པའི་ཚེས་གཅིག་ཉིན། པཱ་ཧྲ་ཨར་གྱིས་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། ཨ་ཨར་ནོའུ་སི་ཡིས་ནེ་ཀི་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།