ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་མངོན་པ་ལྟར་ན་མ་འོངས་པར་ཐལ་དྲགས་པའི་ནམ་ཟླ་ཇེ་མང་དུ་འགྲོ་ངེས་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་སྙན་ཞུ་སྤེལ་ཏེ། མ་འོངས་པའི་ལོ་བཅུ་ཕྲག་འགའི་ནང་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ནམ་ཟླའི་འགྱུར་ལྡོག་ཇེ་ཆེར་འགྲོ་བའི་སྣང་ཚུལ་འབྱུང་སྲིད་ཅིང་། ཚ་གདུག་ཆེ་བའི་དུས་ཚིགས་ཇེ་རིང་དུ་འགྲོ་བ་དང་འཁྱག་གྲང་ཆེ་བའི་དུས་ཚིགས་ཇེ་ཐུང་དུ་འགྲོ་སྲིད་ལ། ཞོར་དུ་ཐལ་དྲགས་པའི་ཚ་གདུག་སོགས་ཐལ་དྲགས་པའི་ནམ་ཟླ་སྔར་ལས་ཇེ་མང་དུ་སོང་ནས། ཞིང་ལས་དང་མིའི་ལུས་ཕུང་བདེ་ཐང་ལ་གནད་དོན་སྔར་ལས་ཆེན་པོ་འབྱུང་སྲིད་ཟེར། 

ཁ་བྱང་ལ་ཉིས་སྟོང་ཉེར་གཅིག་ལོའི་ནམ་ཟླའི་འགྱུར་ལྡོག་སྟེ་རང་བྱུང་ཚན་རིག་རྨང་གཞི་ཞེས་པའི་སྙན་ཞུ་གསར་བ་དེ་ལས་མངོན་པ་ལྟར་ན། ནམ་ཟླའི་འགྱུར་ལྡོག་ལས་ཆུའི་འཁོར་རྒྱུག་ཇེ་མགྱོགས་སུ་སོང་སྟེ། སྔར་ལས་ལྷག་པའི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་འབྱུང་སྲིད་ལ། ཞོར་དུ་ས་ཁུལ་མང་བོར་སྔར་ལས་ཚབས་ཆེ་བའི་ཐན་སྐྱོན་ཡང་འབྱུང་སྲིད། དེ་མིན་དུས་རབས་ཉེར་གཅིག་པའི་ནང་། འཛམ་གླིང་ཡོངས་ཀྱི་མཚོ་འགྲམ་ས་ཁུལ་གྱི་མཚོ་ངོས་མཐོ་ཚད་བསྟུད་མར་ཇེ་མཐོར་སོང་ནས། ས་བབ་དམའ་བའི་ས་ཁུལ་མང་བོར་ཆུ་ལོག་གི་འཇིགས་པ་ཚབས་ཆེན་ཡང་ཡང་འབྱུང་སྲིད་ཟེར། 

སྙན་ཞུ་དེ་ལྟར་ན། མ་འོངས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་། ཨེ་ཤ་ཡཱའི་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་བསྟུད་མར་ཇེ་མཐོར་འགྲོ་བ་དང་། ཚ་གདུག་ཆེ་བའི་ཐལ་དྲགས་ནམ་ཟླ་ཇེ་མང་དུ་འགྲོ་ལ་དྲོད་ཚད་དམའ་བའི་ནམ་ཟླ་ཇེ་ཉུང་དུ་འགྲོ་ངེས་རེད། དེའི་ཞོར་དུ་ཨེ་ཤ་ཡཱའི་ས་ཁུལ་མང་ཆེ་བའི་ཆ་སྙོམས་ཀྱི་ཆར་ཆུའི་འབབ་ཚད་དང་དྲག་ཆར་གྱི་འབབ་ཚད་ཇེ་མང་དུ་འགྲོ་བ་དང་། ས་ཁུལ་སྐོར་ཞིག་གི་ཉིན་རེའི་ཆར་ཆུའི་འབབ་ཚད་ཀྱང་ཇེ་མང་དུ་འགྲོ་སྲིད། གཞན་ཡང་ཨེ་ཤ་ཡཱ་ཤར་མའི་ས་ཁུལ་མང་བོར་ཐན་སྐྱོན་འབྱུང་བའི་སྣང་ཚུལ་ཇེ་མང་དུ་འགྲོ་སྲིད་ལ། སྔོན་ཆད་ཐན་སྐྱོན་ཆེ་བའི་ཨེ་ཤ་ཡཱའི་དབུས་ཤར་ས་ཁུལ་དེ་སྔར་ལས་བརླན་གཤེར་ཅན་དུ་འགྱུར་སྲིད་ཟེར། 

སྙན་ཞུ་དེ་ལས་ནན་གྱིས་བསྟན་དོན། དབྱང་གཉིས་ཐན་འགྱུར་དང་དྲོད་ཁང་གི་དྲོད་རླངས་ཕྱིར་གཏོང་ཚད་ཇེ་ཉུང་དུ་བཏང་ན། འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་བའི་འཕེལ་ཕྱོགས་དེ་ཇེ་དལ་དུ་གཏོང་ཐུབ་ཟེར། 

སྙན་ཞུ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་དཔྱད་འཇོག་སྙན་ཞུ་ཐེངས་དྲུག་པའི་བྱ་བའི་ཚན་ཆུང་གི་སྙན་ཞུ་ཡིན་པ་དང་། ཕྱོགས་ཡོངས་ནས་ཉིས་སྟོང་བཅུ་གསུམ་ལོའི་ཐེངས་ལྔ་བའི་དཔྱད་འཇོག་སྙན་ཞུ་སྤེལ་བའི་ཚུན་གྱི་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཚན་རིག་ཞིབ་འཇུག་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་ལ་དཔྱད་འཇོག་བྱས་ཡོད་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་དེ་འཛམ་གླིང་གནམ་གཤིས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་གཅིག་སྟོང་དགུ་བརྒྱ་གྱ་བརྒྱད་ལོའི་ཟླ་བཅུ་གཅིག་པར་མཉམ་འབྲེལ་གྱིས་བཙུགས་པ་ཡིན། འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་ནང་། ཨུ་ཡོན་ལྷན་ཁང་དེས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མཚམས་སྦྱོར་བྱས་པའི་ཆེད་མཁས་པ་སྟོང་ཕྲག་འགའ་རྩ་འཛུགས་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་གི་ཚན་རིག་དཔྱད་འཇོག་སྙན་ཞུ་ཐེངས་ལྔའི་རྩོམ་འབྲི་བྱ་བ་ཡོངས་འགྲུབ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།