ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་དབྱིན་ཇི་དང་ཨ་མེ་རི་ཁ་གཉིས་ཀྱི་དབྱི་ལིང་སྣུམ་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་སྐྱོན་འདོན་ཞུ་གཏུག་ལ་གཞི་འཛིན་ས་ཅི་ཡང་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་གཉིས་ཉིན་བསྟན་དོན།  དབྱིན་ཇི་དང་ཨ་མེ་རི་ཁ་གཉིས་ཀྱིས་དབྱི་ལིང་སྣུམ་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དང་འབྲེལ་བ་ཡོད་པར་སྐྱོན་འདོན་ཞུ་གཏུག་བྱས་པ་དང་།    དེ་ལ་གཞི་འཛིན་ས་ཅི་ཡང་མེད་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལ་པུའུ་ཡིས་དབྱི་ལིང་ལ་གཞི་འཛིན་ཅི་ཡང་མེད་པར་སྐྱོན་འདོན་ཞུ་གཏུག་བྱས་པར་རྒོལ་གཏམ་དྲག་པོ་བཏང་།   ཁོས་བཤད་རྒྱུར།   ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་རྒྱབ་ལྗོངས་གཅིག་འདྲའི་འོག་ཏུ་འགལ་བ་དང་རྗུན་བཟོ།   འཁྲུག་རྐྱེན་སློང་བའི་སྐྱོན་འདོན་ཞུ་གཏུག་དེ་བསྐྱར་སྒྲོག་བྱས་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར།  ཨ་མེ་རི་ཁ་དང་དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས་དེའི་སྔོན་མཚོ་དམར་སོགས་ཆུ་ཁོངས་སུ་བྱུང་བའི་དབྱི་ལིང་ཚོང་འགྲུལ་གྲུ་གཟིངས་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དང་གཏོར་བརླག་གི་བྱ་སྤྱོད་ལ་ཁ་ཡ་མ་བྱས་པར།  ཐེངས་འདིར་དབྱི་ལིང་ལ་ཆབ་སྲིད་ཀྱི་ལྟ་ཚུལ་ཡོད་པའི་རྫུན་བཟོའི་སྐྱོན་འདོན་བྱས་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན།   དབྱི་ལིང་གིས་ནམ་ཡང་ས་ཁུལ་རྒྱལ་ཁབ་བར་མཉམ་ལས་བྱས་ཏེ་མཚོ་ཐོག་གི་བདེ་འཇགས་འགན་སྲུང་བྱེད་པར་གྲ་སྒྲིག་བྱས་ཡོད།   ཕྱིའི་སྟོབས་ཤུགས་མཚོ་ཁུག་ཏུ་གནས་པ་དང་ཐེ་གཏོགས་བྱེད་པ་དེ་ས་ཁུལ་གྱི་བརྟན་འཇགས་དང་བདེ་འཇགས་ལ་གནོད་པ་ཡིན།   དབྱི་ལིང་གིས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་སྐྱོབ་བྱེད་ངེས་ཡིན་པ་དང་།   ཉེན་ཁའི་འགུལ་སྐྱོད་ཡོད་ཚད་ལ་མྱུར་དུ་ནུས་ཡོད་ཀྱི་རྒོལ་ལན་སྤྲོད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།