ཐན་ཙན་ཉི་ཡས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་ལག་བསྟར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐན་ཙན་ཉི་ཡའི་ཙུང་ཐུང་ཧ་སངས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་བཞུགས་ཤག་ནས་རང་རྒྱལ་ཁབ་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་འཆར་གཞི་འགོ་རྩོམ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་།   ཁོ་མོས་སྐབས་དེར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ།

ཧ་སངས་ཀྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན།  པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ནི་བདེ་འཇགས་ཡིན་པ་དང་།    དམངས་ཡོངས་ཀྱིས་ཧུར་ཐག་གིས་འགོག་སྨན་རྒྱག་འོས་ཟེར།     ཐན་ཙན་ཉི་ཡའི་ཙུང་ལི་མཱ་ཅ་ལིས་ཝ་དང་འཕྲོད་བསྟེན་པུའུ་ཀྲང་བཀའ་ཅི་མ་སོགས་སྲིད་གཞུང་གི་དཔོན་རིགས་མང་པོས་ཀྱང་ཉིན་དེར་འགོག་སྨན་བརྒྱབ།

ཐན་ཙན་ཉི་ཡའི་འཕྲོད་བསྟེན་པུའུ་ཡིས་མིག་སྔར་ཁྱབ་བསྒྲགས་བྱས་པའི་འགོག་སྨན་རྒྱག་པའི་འཆར་གཞི་ལྟར་ན།   འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣ་དང་ལོ་ལོན།  བདེ་ཐང་གནད་དོན་ཡོད་པའི་མི་ཚོགས་ལ་སྔོན་མ་བྱས་ཏེ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་རྒྱུ་རེད།     ཐན་ཙན་ཉི་ཡའི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་སྨན་བཅོས་ལྟེ་གནས་ཀྱིས་མང་ཚོགས་རྣམས་ལ་རིན་མེད་པར་འགོག་སྨན་རྒྱག་པའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།