ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་རི་ནེ་ཝ་ནས་འཐབ་ཇུས་གཏན་འཇགས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་དང་ཨུ་རུ་སུའི་ཙུང་ཐུང་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལྟར།      ཨ་མེ་རི་ཁ་དང་ཨུ་རུ་སུའི་འཐུས་ཚབ་ཀྱིས་ཚེས་ཉེར་བརྒྱད་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་གཏན་འཇགས་ཐད་གྲོས་མོལ་བྱས་ཏེ་དམག་ཆས་ཚོད་འཛིན་དང་འགལ་བ་ཇེ་ཉུང་དུ་གཏོང་བ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་ཧྲི་མན་དང་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཡ་པུའུ་ཁི་ཧྥུའུ་གཉིས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་ལ་ཞུགས།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་མོལ་མཇུག་སྒྲིལ་རྗེས་གསལ་བསྒྲགས་སྤེལ་ཏེ།   ཐེངས་འདིའི་གྲོས་ཚོགས་ནི་ཨ་མེ་རི་ཁ་དང་ཨུ་རུ་སུ་གཉིས་ཀྱི་འཐབ་ཇུས་གཏན་འཇགས་གྲོས་མོལ་གྱི་འགོ་བརྩམས་པ་ཡིན་ལ།  ཕྱོགས་གཉིས་ཀྱིས་ཆེད་ལས་རང་བཞིན་དང་དངོས་ཡོད་རང་བཞིན་གྱིས་གྲོས་བསྡུར་བྱསཔ་དང་།  ཨ་མེ་རི་ཁས་ཨ་མེ་རི་ཁའི་སྲིད་ཇུས་གཙོ་བོ་དང་མིག་སྔར་གྱི་བདེ་འཇགས་ཁོར་ཡུག    འཐབ་ཇུས་གཏན་འཇགས་འཇིགས་ཉེན་ཐད་ཀྱི་ངོས་ཟིན་སོགས་དང་། དེ་མིན་མ་འོངས་པའི་འཐབ་ཇུས་གཏན་འཇགས་གྲོས་མོལ་གྱི་རྣམ་པའི་ཐད་ནས་གྲོས་བསྡུར་བྱས་པ་ཡིན།     གོ་རིམ་རྗེས་མར་ཕྱོགས་གཉིས་ཀྱིས་དངོས་གཞི་མིན་པའི་གྲོས་མོལ་སྤེལ་ཏེ།  རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ཟླ་དགུ་བར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་ཆེད་མཁས་བྱ་བའི་ཚན་ཆུང་གི་གྲོས་དོན་གཏན་ཁེལ་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གི་མཛུབ་སྟོན་ལྟར།   ཕྱོགས་གཉིས་ཀྱིས་འཐབ་ཇུས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཇུས་གཞི་དང་།   དམག་ཆས་ཚོད་འཛིན་མདུན་ལྗོངས་དང་ཉེན་ཁ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཐད་ནས་གྲོས་བསྡུར་བྱས།   དེ་མིན་ལིས་ཡ་པུའུ་ཁི་ཧྥུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་བསྟན་དོན།   ཐེངས་འདིའི་གྲོས་མོལ་ནི་འགོ་རྩོམ་ས་བཟང་བོ་ཞིག་ཡིན་པ་དང་།   ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རང་རང་གི་ལངས་ཕྱོགས་གསལ་སྟོན་བྱས་པ་དང་།    གྲོས་མོལ་འདི་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བའི་རེ་བ་བཅངས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།