ཀྲུང་གོ་བོད་ཀྱི་དྲ་བ།

ཐ་ཅི་ཁི་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་དང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཨ་ཧྥུའུ་ཧན་གྱི་འཁྲུག་རྩོད་ཕྱིར་ཁྱབ་པའི་ཉེན་ཁར་ཁ་གཏད་འཇལ་རྒྱུར་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྱིམ་མཚེས་རྒྱལ་ཁབ་ཨ་ཧྥུའུ་ཧན་གྱི་རྒྱལ་ནང་གི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་གྱུར་བའི་དབང་གིས། ཐ་ཅི་ཁི་སི་ཐན་གྱི་རྒྱལ་སྲུང་པུའུ་ཀྲང་ཧྲིག་ལ་ལིས.མིས་ཨེར་ཙའོ་ཡིས་ཚེས་ཉེར་བཞི་ཉིན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཞེ་ཨེར་ཀའེ.ཧྲའོ་དབྱི་ཀུའུ་ལ་ཁ་པར་བཏང་ནས། མཉམ་འབྲེལ་སྒོས་བྱེད་ཐབས་སྤྱད་དེ་ཐ་ཅི་ཁི་སི་ཐན་དང་ཨ་ཧྥུའུ་ཧན་མཐའ་མཚམས་ཀྱི་བདེ་འཇགས་ཉེན་ཁར་ཁ་གཏད་འཇལ་རྒྱུར་གྲོས་སྡུར་བྱས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་ཐ་ཅི་ཁི་སི་ཐན་དང་ཨ་ཧྥུའུ་ཧན་མཐའ་མཚམས་ས་ཁུལ་གྱི་གནས་བབ་དང་འཇིགས་སྐུལ་ལ་ཁ་གཏད་འཇལ་བའི་མཉམ་འབྲེལ་བྱེད་ཐབས་ལ་གྲོས་སྡུར་བྱས་ཟེར། ཨུ་རུ་སིའི་ཕྱོགས་གཉིས་ཀྱིས་ཚེས་ཉེར་གསུམ་ཉིན། ཐ་ཅི་ཁི་སི་ཐན་ལ་རོགས་བྱས་ནས་མཐའ་མཚམས་སུ་སོ་ལྟ་ས་ཚིགས་གསར་བ་ཞིག་འཛུགས་རྒྱུ་ཁས་བླངས།

ཐ་ཅི་ཁི་སི་ཐན་གྱི་ལྷོ་རྒྱུད་དང་ཨ་ཧྥུའུ་ཧན་གཉིས་འབྲེལ་ཡོད་ལ། ཟླ་འདིའི་ཟླ་སྟོད་དུ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་གི་དམག་མི་བརྒྱ་ལྷག་ཐ་ལེ་པན་དང་འཐབ་འཁྲུག་བྱེད་སྐབས་ས་མཚམས་བརྒལ་ནས་ཐ་ཅི་ཁི་སི་ཐན་དུ་སོང་ནས་གནོད་གཡོལ་བྱས་པ་དང་། དེའི་རྗེས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཕྱིར་རང་རྒྱལ་དུ་ཁྲིད། ཐ་ཅི་ཁི་སི་ཐན་གྱིས་ཚེས་ཉེར་གཉིས་ཉིན་རྒྱལ་ཁབ་དེའི་གཞི་ཁྱོན་ཆེས་ཆེ་བའི་དམག་དོན་འཁྲབ་སྦྱོང་བྱས་པ་དང་། ཙུང་ཐུང་ཨེ་མོ་མ་ལིས.ལ་ཧི་མིན་གྱིས་དཔོན་དམག་གིས་ཨ་ཧྥུའུ་ཧན་གྱི་གནས་བབ་ལ་ཉེན་ཟོན་བྱས་ཏེ། རིམ་པ་ཆེས་མཐོ་བའི་འཐབ་འཁྲུག་གྲ་སྒྲིག་གི་རྣམ་པ་ཁག་ཐེག་བྱས་ནས་མི་མངོན་པའི་འཇིགས་སྐུལ་སྔོན་འགོག་བྱེད་པ་དང་རྒྱལ་མཚམས་བརྟན་སྲུང་བྱེད་པའི་རེ་བ་བཏོན།

ཨུ་རུ་སིས་ཐ་ཅི་ཁི་སི་ཐན་དུ་དམག་དོན་རྟེན་གཞི་བཙུགས་ཡོད་པ་དང་། ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིས་རྟེན་གཞི་དེར་མཁྲེགས་ཆས་གསར་བ་སྤྲད་དེ་རྟེན་གཞིའི་དངོས་ཤུགས་ཇེ་ཆེར་བཏང་། ཨུ་རུ་སི་དང་ཐ་ཅི་ཁི་སི་ཐིན། ཝུའུ་ཚི་པིའེ་ཁི་སི་ཐན་བཅས་ཀྱིས་ཟླ་བརྒྱད་པའི་ནང་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་ཐག་བཅད་པ་དང་། ས་གནས་ནི་ཨ་ཧྥུའུ་ཧན་མཐའ་མཚམས་ཀྱི་ཉེ་འགྲམ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།