ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་དུ་བར་སྣང་འཇབ་རྒོལ་བྱས་ཏེ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་སྔོན་ཨ་ཧྥུའུ་ཧན་ནས་བར་སྣང་འཇབ་རྒོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱས་ཟེར།

ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཅོན་ཁི་པེ་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་འདས་པའི་ཉིན་འགའི་རིང་ཨ་ཧྥུའུ་ཧན་དུ་ཐེངས་འགར་བར་སྣང་འཇབ་རྒོལ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་རྒྱབ་སྐྱོར་བྱས་པ་ཡིན་ཟེར། ཡིན་ནའང་ཁོས་བར་སྣང་འཇབ་རྒོལ་བྱེད་སའི་གནས་སོགས་ཞིབ་མོར་མ་བཤད།

ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་ར་ཁའི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་དང་ཉེར་གཉིས་ཉིན་གཉིས་ལ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་རེ་བ་བཏོན་པ་ལྟར་ཐེངས་བཞི་ལས་བརྒལ་བའི་བར་སྣང་འཇབ་རྒོལ་བྱས་པ་དང་། དེའི་ནང་དུ་ཉུང་མཐར་ཡང་ཐེངས་གཉིས་ཀྱི་དམིགས་ཡུལ་ནི་ཐ་ལེ་པན་གྱིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་ལག་ནས་འཕྲོག་པའི་དམག་དོན་སྒྲིག་ཆས་གཏོར་བརླག་བྱེད་རྒྱུ་དེ་ཡིན། བར་སྣང་འཇབ་རྒོལ་གྱི་དམིགས་འབེན་གཞན་པའི་ནང་དུ་ཐ་ལེ་པན་གྱི་སྒར་ས་ཡང་འདུ་ལ། དེའི་ནང་དུ་ཉུང་མཐར་ཡང་སྒར་ས་གཅིག་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏ་ཧ་ཞིང་ཆེན་དུ་ཡོད་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་མུས་ལེ་ཡིས་ཚེས་ཉེར་གཅིག་ཉིན་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཐ་ལེ་པན་གྱིས་མིག་སྔར་ཨ་ཧྥུའུ་ཧན་རྒྱལ་ཡོངས་ཀྱི་ས་ཁུལ་བཞི་བརྒྱ་དང་བཅུ་དགུའི་ཁྲོད་ཀྱི་ས་ཁུལ་ཕྱེད་ཀ་ཙམ་ལ་ཚོད་འཛིན་བྱས་ཡོད་མོད། ཡིན་ནའང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་གཅིག་ཀྱང་འཕྲོག་ཐུབ་མེད། ད་ལྟ་ཐ་ལེ་པན་གྱིས་དེའི་ནང་གི་གྲོང་ཁྱེར་བཅུ་བདུན་གྱི་ཕྱི་སྐོར་དུ་གནོན་ཤུགས་སྟེར་བཞིན་པ་དང་། འཐབ་ཇུས་ཀྱི་ལེགས་ཆ་ཐ་ལེ་པན་ལ་ཡོད་པ་འདྲ་ཟེར། མུས་ལེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་འཐབ་འཛིང་གི་ནུས་ཤུགས་འདང་ངེས་ཤིག་ཡོད་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་མེ་རི་ཁའི་ཙུང་ཐུང་དང་རྒྱལ་སྲུང་པུའུ་ཀྲང་གི་བཀའ་ལྟར་དགོས་ངེས་ཀྱི་སྐབས་སུ་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གྱི་དམག་དོན་ལས་འགན་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་མཇུག་རྫོགས་པར་བྱེད་རྒྱུ་ཡིན་ཞེས་བཤད། ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་པའི་འཆར་གཞི་བརྒྱ་ཆའི་གོ་ལྔ་ལྷག་ཡོངས་འགྲུབ་བྱས་ཡོད་ཅེས་བཤད། ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་བསྟུན་ནས། ཐ་ལེ་པན་དང་ཨ་ཧྥུའུ་ཧན་སྲིད་གཞུང་བར་གྱི་འཐབ་འཁྲུག་ཉིན་རེ་ལས་ཉིན་རེར་ཛ་དྲག་ཏུ་གྱུར་པ་དང་། ཨ་ཧྥུའུ་ཧན་གྱི་གནས་བབ་མུ་མཐུད་ཇེ་སྡུག་ཏུ་སོང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།