ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲེ་མན་ཀྲུང་གོ་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན་ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་པས་ར་སྤྲོད་བྱས་པ་ལྟར་ན། ཨ་རིའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲེ་མན་གྱིས་ཟླ7པའི་ཚེས25ཉིན་ནས26ཉིན་བར་ཐེན་ཅིང་ལ་འཚམས་འདྲིར་ཕེབས་རྒྱུ་རེད།

ཟླ7པའི་ཚེས21ཉིན་གྱི་དགོང་མོར་གསར་འགོད་པས་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པར། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔོན་ཏག་ཏག་ལ་ཆ་འཕྲིན་སྤེལ་ནས་ཨ་རིའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲེ་མན་གྱིས་ཟླ7པའི་ཚེས25ཉིན་ནས26ཉིན་བར་ཀྲུང་གོར་འཚམས་འདྲི་ཕེབས་རྒྱུ་རེད་ཞེས་བཤད་པར་ཀྲུང་གོ་ཕྱོགས་ཀྱིས་ར་སྤྲོད་བྱེད་ཐུབ་བམ་ཞེས་དྲིས་པ་ན།

མགྲིན་ཚབ་པས། ཨ་རི་ཕྱོགས་ཀྱིས་ཨ་རིའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲེ་མན་མངགས་ནས་ཉེ་དུས་ཀྲུང་གོ་ལ་འཚམས་འདྲི་གནང་རྒྱུའི་རེ་བ་བཏོན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨ་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་བསམ་བློ་བརྗེ་རེས་བྱ་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་གྲོས་འཆམ་བྱས་པ་བརྒྱུད་ཧྲེ་མན་གྱིས་ཟླ7པའི་ཚེས25ཉིན་ནས26ཉིན་བར་ཐེན་ཅིང་ལ་འཚམས་འདྲི་ཕེབས་རྒྱུ་དང་། སྐབས་དེར་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲུང་ཨ་འབྲེལ་བར་གཙོ་སྐྱོང་གནང་མཁན་གྱི་པུའུ་ཀྲང་གཞོན་པ་ཞེ་ཧྥུན་གྱིས་ཧྲེ་མན་ལ་གྲོས་མོལ་གནང་རྒྱུ་དང་། དེ་རྗེས་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཧྲེ་མན་ལ་ཐུགས་འཕྲད་གནང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྩ་དོན་དང་ལངས་ཕྱོགས། དེ་མིན་རང་ངོས་རང་བདག་དང་བདེ་འཇགས་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་བརྟན་པོ་གསལ་སྟོན་བྱས་ནས་ཨ་རི་ཕྱོགས་ལ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།