ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཙུང་ཐུང་བཞུགས་ཤག་གི་ཉེ་འགྲམ་ལ་འབར་མདེལ་གྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་དཔོན་པོས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་པུའུ་ཨར་གྱི་ཙུང་ཐུང་བཞུགས་ཤག་གི་ཉེ་འགྲམ་ལ་ཉིན་དེའི་ཞོགས་པར་འབར་མདེལ་གྱི་འཇབ་རྒོལ་ཐེབས། དཔོན་པོ་དེས་འཇབ་རྒོལ་ཁྲོད་མི་ལ་རྨས་ཕོག་མིན་གྱི་གནས་ཚུལ་གསལ་བོར་མ་བཤད།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་མུས་ཨར་ཝ་དབྱི་སི.སི་ཐ་ཉི་ཁི་ཀྲ་དབྱི་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཉིན་དེའི་སྔ་དྲོའི་དུས་ཚོད་བརྒྱད་སྟེང་། འཇབ་རྒོལ་བྱེད་མཁན་གྱིས་ཁ་པུའུ་ཨར་དུ་ཡོད་པའི་ཉེན་ཟོན་ས་ཁུལ་བཞི་བ་ནས་རླངས་འཁོར་ཞིག་གི་སྟེང་ནས་འབར་མདེལ་གསུམ་འཕངས་པ་དང་། འབར་མདེལ་ཙུང་ཐུང་བཞུགས་ཤག་གི་ཉེ་འགྲམ་ནས་འགས་གཏོར་བྱུང་ཟེར།

འབར་མདེལ་གྱི་འཇབ་རྒོལ་བྱུང་སྐབས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་ཙུང་ཐུང་བཞུགས་ཤག་ཏུ་དམར་མཆོད་དུས་ཆེན་གྱི་གསོལ་བ་འདེབས་ཀྱིན་ཡོད་པ་དང་། གསོལ་འདེབས་མཇུག་རྫོགས་རྗེས་ཁོས་གཏམ་བཤད།

མིག་སྔའི་བར་དུ། མི་གང་དང་རྩ་འཛུགས་གང་གིས་ཀྱང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་མ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།