ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་སྡེ་ཁག་བཙུགས་ནས་དངུལ་རྩའི་ནག་ཉེས་ལ་རྡུང་རྡེག་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུ་ཉིན་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་སྡེ་ཁག་བཙུགས་ནས། ཡོ་རོབ་གླིང་མནའ་འབྲེལ་ཁོངས་གཏོགས་ཀྱི་དངུལ་རྩའི་ནག་ཉེས་ལ་རྡུང་རྡེག་བྱེད་པར་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་ནང་བཤད་རྒྱུར། གྲོས་གཞི་དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པ་དང་འཇིགས་སྐུལ་རིང་ལུགས་ཀྱི་དངུལ་བསྲེས་སྒྲིག་ལམ་ལ་རྡུང་རྡེག་བྱེད་པའི་གྲོས་གཞི་སྐོར་ཞིག་ཁྲོད་ཀྱི་གཅིག་ཡིན། གྲོས་གཞི་དེ་དག་གི་ཁྲོད་དུ་ཁྲིམས་འཛུགས་གྲོས་གཞི་བཞི་འདུ་ལ། སྡེ་ཁག་གསར་བ་འཛུགས་པ་ལས་གཞན། ད་དུང་འབྲེལ་ཡོད་སྐུ་མགྲོན་གྱི་འགན་འཁྲི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་བཀའ་རྒྱ་དང་ཡོ་རོབ་གླིང་མནའ་འབྲེལ་ཁྱབ་ཁོངས་ནང་གི་ཤོག་དངུལ་འབོར་ཆེན་སྟེར་བའི་ཐད་ནས་ཡོ་སྒོར་ཁྲི་གཅིག་གི་གྲངས་ཚད་འཛུགས་པ་སོགས་ཕྱོགས་ཀྱི་སྒྲིག་ལམ་འདུ། སྒྲིག་ལམ་གསར་བ་དེ་གསང་སྟབས་ཀྱི་དངུལ་ལོར་ལས་རིགས་ལ་ཡང་ཁེབས་པར་བྱེད་རྒྱུ་རེད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། གྲོས་གཞི་དེས་དམིགས་འབེན་ནི་དོགས་ཡོད་ཉོ་འཚོང་དང་བྱ་འགུལ་གྱི་ལྟ་ཞིབ་ཚད་ལེན་ལེགས་སྒྱུར་བྱེད་པ་མ་ཟད། ཉེས་ཅན་མི་སྣས་དངུལ་རྩ་མ་ལག་བརྒྱུད་དེ་ནག་དངུལ་དཀར་སྒྱུར་བྱེད་པ་དང་ཡང་ན་འཇིགས་སྐུལ་བྱ་འགུལ་ལ་རོགས་སྐྱོར་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏུང་པུའུ་ལའོ་ཧྥུའུ་སི་ཅི་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་སྒྲིག་ལམ་ནི་མིག་སྔར་འཛམ་གླིང་སྟེང་གི་ཆེས་གཟབ་ནན་ཡིན་པའི་སྒྲིག་ལམ་གྲས་ཀྱི་གཅིག་ཡིན་ན་ཡང་། ད་ལྟ་ཐོག་མཐའ་བར་གསུམ་དུ་སྒྲིག་ལམ་དེ་དག་ལག་བསྟར་བྱེད་པ་མ་ཟད་ལྟ་སྐུལ་ནན་མོ་བྱེད་དགོས། སྒྲིག་ལམ་གསར་བ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ནག་དངུལ་དཀར་སྒྱུར་གྱི་མཚམས་གཅོད་རྒྱུ་མ་ཟད་ཉེས་ཅན་མི་སྣས་ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་རང་ཉིད་ཀྱི་ཁུག་མར་འཇུག་པར་བཀག་འགོག་བྱེད་རྒྱུ་རེད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་དངུལ་རྩའི་ཞབས་ཞུ་ཨུ་ཡོན་མ་ལིས་ཏི.མའེ་ཅི་ཉི་སི་ཡིས་བསྟན་དོན། གྲོས་གཞི་དེ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་དག་དངུལ་རྩ་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་ལས་གཡོལ་བར་བཀག་འགོག་ཤུགས་ཆེན་བྱེད་ཐུབ། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བཞིན་ཡོད་པ་མ་ཟད། ནག་དངུལ་དཀར་སྒྱུར་བྱེད་པའི་སྡེ་ཁག་གསར་དུ་འཛུགས་རྒྱུ་ཡིན་ལ། བྱེད་ཐབས་དེ་དག་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དངུལ་རྩ་ལས་ཁུངས་དང་ཚོང་ར་ཧྲིལ་བོའི་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་གཞི་དེ་དག་ད་དུང་ཡོ་རོབ་གླིང་གྲོས་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཁང་གཉིས་ཀྱིས་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་ད་གཟོད་ལག་བསྟར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།