ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་ཤར་ཕྱོགས་སུ་ཡོད་པའི་ཕང་ཀྲི་ཕུའུ་ཞིང་ཆེན་དུ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་འདྲུད་བྱེད་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་ནས། མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་བཅུ་ལྷག་རྨས།
ཕ་ཁི་སི་ཐན་སྨྱན་བྱད་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེར་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ཏི་ལ་ཅ་ཆི་ཧན་ས་ཁུལ་སྐྱོད་སྐབས་འདྲུད་བྱེད་རླངས་འཁོར་ཞིག་དང་ཐོ་བརྒྱབ། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་རྒྱུག་ཚད་མགྱོགས་དྲག་པ་རེད།
དོན་རྐྱེན་བྱུང་རྗེས། ས་གནས་རྒུད་སྐྱོབ་མི་སྣ་མྱུར་དུ་ཡུལ་དངོས་ལ་སོང་ནས་རྨས་མ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད།
ཕ་ཁི་སི་ཐན་རྒྱལ་ཁབ་ཏུ་འགྲིམ་འགྲུལ་དོན་རྐྱེན་བྱུང་རྒྱུ་མང་བ་དང་རྒྱུ་རྐྱེན་ནི་རླངས་འཁོར་རྙིང་ཟད་དུ་གྱུར་བ་དང་དེ་མིན་ལམ་མི་བདེ་བ་དང་རླངས་འཁོར་ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་བཅས་རེད།