ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གིས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་གྱ་བཞི་བསད།

    སྤེལ་དུས། : 2021-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་གིས་ཞིང་ཆེན་མང་པོ་ནས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་གྱ་བཞི་བསད་པ་ཡིན་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། སྲིད་གཞུང་དམག་གིས་ནན་ཀི་ཧ་ཨར་ཞིང་ཆེན་དང་ཅཱ་ཙི་ཉི་ཞིང་ཆེན། པཱ་ཨར་ཧི་ཞིང་ཆེན། སཱ་མན་ཀན་ཞིང་ཆེན་དང་ཁཱ་པོར་ཞིང་ཆེན་སོགས་ས་ཆ་མང་པོ་ནས་ཐ་ལེ་པན་ལ་རྒོལ་རྡུང་བྱེད་པའི་འགུལ་སྐྱོད་སྤེལ་བ་ཡིན། འགུལ་སྐྱོད་ཁྲོད་ནས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་གྱ་བཞི་བསད་པ་ལས་གཞན། སྲིད་གཞུང་དམག་གིས་ད་དུང་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉིས་བརྒྱ་དང་ལྔ་རྨས་པར་མ་ཟད། ཐ་ལེ་པན་གྱི་དྲག་ཆས་མི་སྣས་སྦས་པའི་འགད་རྫས་སྐོར་ཞིག་གཏོར་བ་ཡིན་ཟེར།

མིག་སྔའི་བར་ཐ་ལེ་པན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡི་གསལ་བསྒྲགས་དེར་ལན་བཏབ་མེད།

ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གྱི་དམག་དོན་ལས་འགན་དེ་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་མཇུག་རྫོགས་པར་བྱེད་རྒྱུ་ཡིན་ཞེས་བཤད་པ་དང་། ད་ལོའི་ཟླ་བཞི་པར་པའེ་ཏིན་གྱིས་ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཟླ་ལྔ་པའི་ཚེས་གཅིག་ཉིན་ཕྱིར་འཐེན་བྱེད་འགོ་བརྩམས་ནས། ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱས་ཚར་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས། ཨ་མེ་རི་ཁས་འགན་མ་འཁུར་བར་དམག་དཔུང་ཕྱིར་འཐེན་བྱས་པ་དེས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་ཐད་ཉེན་ཁ་ཆེན་པོ་བཟོས་པ་རེད། ཉེ་ལམ་ཨ་ཧྥུའུ་ཧན་དུ་འཇབ་རྒོལ་དོན་རྐྱེན་མཚམས་མ་ཆད་པར་བྱུང་ན་བདེ་འཇགས་གནས་བབ་ཉིན་རེ་ལས་ཉེན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།