ཁོ་ལོམ་པི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཧ་ཏིས་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་གཞུང་དོན་མི་སྣས་བཀའ་བབས་ནས་ཧེ་ཏིས་རྒྱལ་ཁབ་ཀྱི་ཙུང་ཐུང་ལྐོག་གསོད་བྱས་པ་རེད་ཅེས་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཉེན་རྟོག་སྤྱི་དཔོན་པཱ་ཨར་ཅ་སི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། བརྟག་དཔྱད་ཀྱི་གནས་ཚུལ་ཆེས་གསར་པ་ལྟར་ན། ཧེ་ཏིས་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་གཞུང་དོན་མི་སྣ་ཞིག་གིས་ཁོ་ལོམ་པི་ཡའི་དྲག་ཆས་ཚོགས་པར་བཀའ་བབས་ནས་ཧེ་ཏིས་རྒྱལ་ཁབ་ཀྱི་ཙུང་ཐུང་མའོ་དབྱི་ཙི་ལྐོག་གསོད་བྱས་པ་རེད་ཟེར།

པཱ་ཨར་ཅ་སི་ཡིས་ཉིན་དེའི་སྔ་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་ལོམ་པི་ཡའི་མི་བཞི་ཟླ་བཞི་པའི་ཟླ་མཇུག་དང་ཟླ་ལྔ་པར་ཧེ་ཏིས་རྒྱལ་ཁབ་ཏུ་སོང་བ་དང་། ཁོ་ལོམ་པི་ཡའི་མི་གཞན་པ་ཉི་ཤུ་ཟླ་དྲུག་པར་ཧེ་ཏིས་རྒྱལ་ཁབ་ཏུ་སོང་ནས། གཟའ་འཁོར་གསུམ་གྱི་བདེ་སྲུང་ཞབས་ཞུ་འདོན་སྤྲོད་བྱས། དེའི་རྗེས་སུ་ཧེ་ཏིས་ཁྲིམས་འཛིན་པུའུ་ཡི་སྔོན་ཆད་ཀྱི་གཞུང་དོན་མི་སྣ་པ་ཏིས་ཨོ་ཡིས་ཁོ་ལོམ་པི་ཡའི་དྲག་ཆས་ཚོགས་པའི་ཁོངས་མི་གཙོ་བོར་མའོ་དབྱི་ཙི་འཛིན་བཟུང་བྱེད་དགོས་པའི་བརྡ་བརྒྱབ་པ་རེད་ཟེར།

པཱ་ཨར་ཅ་སི་ཡིས་བཤད་རྒྱུར། འགུལ་སྐྱོད་སྔོན་གྱི་ཉིན་གསུམ་གྱི་ནང་དུ། པཱ་ཏིས་ཨོ་ཡིས་དྲག་ཆས་ཚོགས་པའི་ཁོངས་མི་གཙོ་བོ་གཉིས་ལ་གྲོས་མོལ་བྱས་པར་མ་ཟད། མའོ་དབྱི་ཙི་ལྐོག་གསོད་བྱེད་དགོས་པའི་བཀའ་བབས་པ་རེད་ཟེར།

མིག་སྔར། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་སྤྱི་དམངས་ཉེར་གཅིག་ཐད་ཀར་དུ་ལྐོག་གསོད་འགུལ་སྐྱོད་ཁྲོད་ཞུགས་པ་གཏན་ཁེལ་བྱས་ཡོད་ལ། ཁོ་ཚོ་མང་ཆེ་ཤོས་ནི་དམག་དཔུང་ལས་ཕྱིར་བུད་པའི་མི་ཡིན་ལ། དེའི་ནང་གི་མི་བཅོ་བརྒྱད་ཧེ་ཏིས་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། མི་གསུམ་འཛིན་བཟུང་གི་བརྒྱུད་རིམ་ཁྲོད་ནས་བསད་པ་རེད། དེས་མི་ཚད་ཁོ་ལོམ་པི་ཡ་ཕྱོགས་ཀྱིས་འཛིན་བཟུང་བྱེད་ཐུབ་མེད་པའི་ཁོ་ལོམ་པི་ཡ་ཕྱོགས་ཀྱི་དོགས་ཡོད་ཉེས་ཅན་གསུམ་པོ་དེ་དང་ལྐོག་གསོད་འགུལ་སྐྱོད་བར་གྱི་འབྲེལ་བར་རྩད་གཅོད་བྱེད་བཞིན་ཡོད།

ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ནམ་སྨད་དུ། ཧེ་ཏིས་རྒྱལ་ཁབ་ཀྱི་ཙུང་ཐུང་མའོ་དབྱི་ཙི་རང་ཁྱིམ་ནས་སུ་ཡིན་མི་ཤེས་པའི་དྲག་ཆས་མི་སྣས་བསད་པ་རེད། ཧེ་ཏིས་ཉེན་རྟོག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། མི་ཉེར་བརྒྱད་ཀྱིས་གྲུབ་པའི་དྲག་ཆས་ཚོགས་པ་ཞིག་མའོ་དབྱི་ཙི་ལྐོག་གསོད་བྱེད་པའི་འགུལ་སྐྱོད་ལ་ཞུགས་པ་དང་། དེའི་ནང་དུ་ཨ་མེ་རི་ཁའི་མི་གཉིས་དང་ཁོ་ལོམ་པི་ཡིས་མི་ཉེར་དྲུག་ཡོད་ཟེར། ཁོ་ལོམ་པི་ཡའི་དམག་ཕྱོགས་ཀྱིས་ཚེས་དགུ་ཉིན་ཧེ་ཏིས་རྒྱལ་ཁབ་ཀྱི་རྒྱལ་ས་ཐའེ་ཙི་ཀང་དུ་དམིགས་བསལ་རྟོག་ཞིབ་ཚན་ཁག་མངགས་པ་རེད།

ཅ་ལེ་པེའི་གླིང་ཚོམས་རྒྱལ་ཁབ་ཧེ་ཏིས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཉིས་ཁྲི་བདུན་སྟོང་བརྒྱད་བརྒྱ་ཡོད་པ་དང་། མི་གྲངས་བྱེ་བ་གཅིག་ལྷག་ཡོད། ཉེ་བའི་ལོ་འགའི་རིང་ལ་ཧེ་ཏིས་རྒྱལ་ཁབ་ཀྱི་ཏང་ཁག་སོ་སོའི་བར་དུ་རྙོག་འཛིང་ཆེ་བའི་ཆབ་སྲིད་རྩོད་གཞི་བྱུང་བས། རྒྱལ་ཁབ་དེ་རུ་སྤྱི་ཚོགས་བདེ་འཇགས་ཀྱི་གནད་དོན་འབུར་དུ་ཐོན་པ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།