ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་པས་མི་ཆོས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངེས་པར་དུ་བཀག་འགོག་བྱེད་དགོས་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པའི་གནས་སྐབས་ལས་ཚབ་པ་ཏའེ་པིང་གིས་ཚེས་བཅུ་དྲུག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དྲག་ཆས་འཁྲུག་རྩོད་ཁྲོད་སྤྱི་དམངས་ལ་སྲུང་སྐྱོབ་དང་མི་ཆོས་བར་སྟོང་ལ་སྲུང་སྐྱོང་བྱེད་དགོས་ཞེས་པའི་ཡོངས་བསྒྲགས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ་བསྟན་དོན།    མི་ཆོས་རོགས་སྐྱོར་གྱིས་དྲང་གཞག་དང་བར་གནས།   ཕྱི་རོལ་དང་མཐུན་པ་དང་སྒེར་ཚུགས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་།    མི་ཆོས་རིང་ལུགས་ཀྱི་ངོ་བོ་སྲུང་འཛིན་བྱེད་དགོས་པ་ལས།  ས་མཚམས་འགྲན་རྩོད་དང་ཆབ་སྲིད་སྟེང་མགོ་སྐོར་གཏོང་བའི་ལག་ཆ་རུ་གཏན་ནས་འགྱུར་མི་རུང་ཟེར།

ཏའེ་པིང་གིས་བསྟན་དོན།  མིག་སྔར།  པྲོག་གསར་གློ་ཚད་རིམས་ནད་ཀྱིས་སྔར་བཞིན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་།  འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁ་ཤས་ཀྱི་འབྲུ་རིགས་བདེ་འཇགས་གནས་ཚུལ་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་ལ།   ལྷག་པར་དུ་འཁྲུག་རྩོད་ས་ཁུལ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་དཀའ་གནད་གསར་པ་དང་འཕྲད་དེ་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་སྔར་ལས་ཇེ་དྲག་ཏུ་གྱུར་ཡོད།   དེ་དང་མཉམ་དུ། མི་ཆོས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་ཚད་ཇེ་དྲག་ཏུ་འགྲོ་བ་དང་།   ཕྱོགས་རྐྱང་བའི་བཀག་སྡོམ་གྱིས་མི་ཆོས་གནས་བབ་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་རྒྱུན་མཐུད་ཇེ་མང་དུ་འགྲོ་བ་སོགས་ཀྱི་རྒྱུ་རྐྱེན་དག་གིས་འཛམ་གླིང་ཡོངས་ཀྱི་མི་ཆོས་གནས་བབ་ཇེ་སྡུག་ཏུ་བཏང་བ་དང་།  མི་ཆོས་འགུལ་སྐྱོད་ཀྱི་ཕན་ནུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།  དེ་བས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་ལག་བསྟར་བྱེད་དགོས་པ་དང་།   མི་ཆོས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་ལ།  མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་དང་མི་ཆོས་བར་སྟོང་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།

ཏའེ་པིང་གིས་ནན་གྱིས་བསྟན་དོན།   མི་ཆོས་བར་སྟོང་ལ་སྲུང་སྐྱོབ་བྱེད་དགོས་ན།  ངེས་པར་དུ་མི་ཆོས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་བཀག་འགོག་བྱེད་དགོས།  མི་ཆོས་འགུལ་སྐྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་སོགས་བརྩི་སྲུང་བྱེད་དགོས་པ་དང་།    རོགས་སྐྱོར་བྱེད་ཡུལ་རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས།  མངའ་ཁོངས་ཆ་ཚང་ཡོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་བརྩི་འཇོག་བྱེད་དགོས་ལ།   རོགས་སྐྱོར་བྱེད་ཡུལ་རྒྱལ་ཁབ་ཀྱི་ས་གནས་བཅའ་ཁྲིམས་དང་སྤྱི་ཚོགས་སྲོལ་རྒྱུན་བཟང་བོར་བརྩི་འཇོག་བྱས་ནས་རོགས་སྐྱོར་བྱེད་ཡུལ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་རུང་།   འདི་ལྟར་བྱས་ཚེ་ད་གཟོད་རྩ་བའི་སྟེང་ནས་རོགས་སྐྱོར་བྱེད་ཡུལ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཐུབ་པ་དང་།    མི་ཆོས་བར་སྟོང་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་ཐུབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།