ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་དབྱི་རག་ཤར་ཕྱོགས་ས་ཁུལ་གྱི་གློག་གི་སྐུད་ལམ་ལ་གཏོར་བརླགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཉིན་དེར་དབྱི་རག་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་ནས་མཐོ་གནོན་གློག་གི་སྐུད་ལམ་གཉིས་ལ་གཏོར་བརླགས་བྱས་ཏེ། ཞིང་ཆེན་དེས་དབྱི་ལང་ནས་ཚུར་དྲངས་པའི་གློག་ཆད་དུ་བཅུག་ཟེར།

ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཉེན་རྟོག་དཔོན་རིགས་སཱ་ཨཱ་ཏིས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་ཉིན་དེར་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པའེ་ཤར་ཕྱོགས་ཀྱི་མཐོ་གནོན་གློག་གི་སྐུད་ལམ་འགས་གཏོར་བཏང་ལ། དེ་ནི་ད་ལོར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཞིང་ཆེན་དེའི་གློག་གི་སྐུད་ལམ་ལ་ཐེངས་བཞི་པར་གཏོར་བརླགས་བྱས་པ་རེད་ཟེར།

སཱ་ཨཱ་ཏིས་ཀྱིས་བཤད་རྒྱུར། ཏིས་ཡཱ་ལཱ་ཞིང་ཆེན་གྱི་གློག་ཤུགས་ཕྱེད་ཀ་དབྱི་ལང་ནས་ནང་འདྲེན་བྱས་པ་ཡིན་ལ། གློག་ཆད་པས་ཞིང་ཆེན་དེའི་མང་ཚོགས་སྐོར་ཞིག་སྲང་ལམ་དུ་སོང་ནས་ངོ་རྒོལ་བྱས་སོང་ཟེར།  །

དབྱི་རག་གི་དབྱར་ཁར་ཚ་བ་ཆེ་བར་མ་ཟད་གློག་གིས་འདང་གིན་མེད་པས། དབྱི་ལང་སོགས་རྒྱལ་ཁབ་ནས་གློག་ཤུགས་ནང་འདྲེན་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།