ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཕྱི་འབྲེལ་པུའུ་ཡིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ལ་ཉེ་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ལ་ཉེ་ཡོད་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝེ་ཡེ་ནཱ་ནས་བསྡུས་པའི་གྲོས་མོལ་དེར་འཕེལ་རིམ་ཐོབ་པ་དང་། གྲོས་མོལ་ལ་གྲུབ་འབྲས་ཐོབ་ལ་ཉེ། གནད་དོན་ཁ་ཤས་ད་དུང་ཐག་བཅད་མེད་ནའང་། ཐག་བཅད་པའི་གནད་དོན་གྱི་གྲངས་ཀ་དེ་ཐག་མ་བཅད་པའི་གནད་དོན་གྱི་གྲངས་ཀ་ལས་མང་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། འབྲེལ་ཡོད་གནད་དོན་ཐག་གཅོད་ཆེད། དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་བགྲོད་ལམ་རིང་བོ་ཞིག་བརྒྱུད་ཡོད་ལ། རྗེས་ཕྱོགས་ཀྱི་བགྲོད་ལམ་ཡང་བདེ་མོ་ཞིག་ཡིན་མི་སྲིད་པས། འབྲེལ་ཡོད་ཕྱོགས་གཞན་དག་གིས་སེམས་ཐག་བཅད་དེ། མི་ཐམས་ཅད་ལ་ཕན་པ་ཡོད་པའི་གྲོས་ཆོད་ཅིག་འགོད་རྒྱུའི་རེ་བ་ཧ་ཅང་ཆེ་ཟེར།

ཧ་ཐིས་པུའུ་ཀྲ་ཏི་ཡིས་བཤད་རྒྱུར། དབྱི་ལང་ཕྱོགས་ཀྱི་གཅིག་མཐུན་གྱི་བསམ་ཚུལ་ནི། ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་ཕན་ནུས་ལྡན་པར་འཇོག་རྒྱུ་དེ་ཡིན་ལ། བཀག་སྡོམ་བྱེད་མཚམས་བཞག་པ་གཏན་ཁེལ་བྱས་ཚེ། དབྱི་ལང་གིས་དེ་མ་ཐག་ཏུ་རང་གི་འོས་འགན་ལག་བསྟར་བྱེད་རྒྱུ་དེ་ཡིན་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་ཨ་མེ་རི་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཀོད། གྲོས་ཆོད་དེ་ལྟར་ན་དབྱི་ལང་གིས་རང་གི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་པའི་དམ་བཅས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་དགོས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕྱོགས་གཅིག་པུ་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲལ་ནས་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་དབྱི་ལང་ལ་བཀག་སྡོམ་བྱེད་ཐབས་གསར་པ་རབ་དང་རིམ་པ་སྤྱད། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པར། དབྱི་ལང་གིས་རིམ་བཞིན་ཉིང་རྡུལ་ཉིང་རྡུལ་གྲོས་ཆོད་ཁྲོད་ཀྱི་དོན་ཚན་ཁ་ཤས་ལག་བསྟར་བྱེད་མཚམས་བཞག་པ་དང་། ཡིན་ནའང་དུས་ངེས་མེད་དུ་ཡང་བསྐྱར་ལག་བསྟར་བྱེད་ཆོག་པའི་དམ་བཅས། ད་ལོའི་ཟླ་བཞི་པའི་ཚེས་དྲུག་ཉིན། དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ཝེ་ཡེ་ནཱ་ནས་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་དང་དབྱི་ལང་གིས་གྲོས་ཆོད་ཡང་བསྐྱར་ལག་བསྟར་བྱེད་པའི་གནད་དོན་ལ་གྲོས་སྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།