དབྱི་རག་གི་པྲོག་གསར་གློ་ཚད་སྨན་བཅོས་བྱེད་ས་རུ་ངོས་བཟུང་བའི་སྨན་ཁང་ཞིག་མེར་འབར་ནས་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ལྷོ་ཕྱོགས་ཀྱི་ཅི་ཅ་ཨར་ཞིང་ཆེན་གྱི་པྲོག་གསར་གློ་ཚད་སྨན་བཅོས་བྱེད་ས་རུ་ངོས་བཟུང་བའི་སྨན་ཁང་ཞིག་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་མེར་འབར་ནས། མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་ལྷག་ལ་རྨས་ཕོག

དབྱི་རག་གི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཅི་ཅ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ནཱ་ཞི་ལེ་ཡེ་གྲོང་ཁྱེར་གྱི་ཧུ་སའེ་དབྱིན་ཞེས་པའི་སྨན་ཁང་དེའི་པྲོག་གསར་གློ་ཚད་ཕོག་མཁན་ལོགས་བཀར་ལྟེ་གནས་ཉིན་དེའི་དགོང་མོར་མེར་འབར་བ་དང་། ཐོག་མར་རྟོག་ཞིབ་བྱས་པ་ལྟར་ན། མེ་དགྲ་དེ་ནི་པྲོག་གསར་གློ་ཚད་ཕོག་མཁན་གྱི་ནད་ཁང་ནང་གི་དབྱང་དབུགས་ཀྱི་སྣོད་འགས་གཏོར་བྱུང་བ་ལས་བྱུང་བ་རེད་ཟེར།

ཅི་ཅ་ཨར་ཞིང་ཆེན་གྱི་འཕྲོད་བསྟེན་ཐིན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། མེ་དགྲ་ལས་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག མིག་སྔར་མེ་ཡོངས་སུ་བསད་ནས། སྨན་ཁང་ནང་གི་མི་སྣ་ཚང་མ་ཕྱིར་བུད་ཡོད་ལ། ཞིང་ཆེན་དེའི་འཕྲོད་བསྟེན་མ་ལག་ཛ་དྲག་གི་གནས་སུ་ཚུད་ཡོད་ཟེར།

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཙུང་ལི་ཁཱ་ཏིས་མུས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། མེ་དགྲའི་འབྱུང་རྐྱེན་ལ་རྩད་གཅོད་ཞིབ་མོ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

འདི་ནི་དབྱི་རག་ནས་ད་ལོར་བྱུང་བའི་པྲོག་གསར་གློ་ཚད་སྨན་བཅོས་བྱེད་ས་རུ་ངོས་བཟུང་བའི་སྨན་ཁང་མེར་འབར་བའི་དོན་རྐྱེན་གཉིས་པ་རེད། ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་ཡང་། དབྱི་རག་གི་རྒྱལ་ས་པ་ཀི་ཏའི་པྲོག་གསར་གློ་ཚད་སྨན་བཅོས་བྱེད་ས་རུ་ངོས་བཟུང་བའི་སྨན་ཁང་ཞིག་ཏུ་དབྱང་དབུགས་ཀྱི་སྣོད་འགས་གཏོར་བྱུང་ནས་མེར་འབར་ཏེ། མི་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅུ་ལ་རྨས་ཕོག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།