ཀྲུང་གོ་སྲིད་གཞུང་གིས་ཅིར་ཅི་སི་སི་ཐན་ལ་རོགས་སྐྱོར་བྱེད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྐོར་གཉིས་པ་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁེ་ཁི་ལ་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྲིད་གཞུང་གིས་ཅིར་ཅི་སི་སི་ཐན་ལ་རོགས་སྐྱོར་བྱེད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྐོར་གཉིས་པ་ཚེས་བཅུ་གཅིག་ཉིན་ཅིར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁེ་ཁི་ལ་ཐོན། ཅིར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏུའུ་ཏི་ཝུན་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་མཱ་ལིས་པོ་ཧྥུའུ་གཉི་ཀ་མ་ན་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འགོག་སྨན་སྤྲོད་ལེན་མཛད་སྒོར་ཞུགས།

མཱ་ལིས་པོ་ཧྥུའུ་ཡིས་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ་ཡི་ཚབ་བྱས་ཏེ་ཀྲུང་གོ་སྲིད་གཞུང་གིས་ཡང་བསྐྱར་ཅིར་ཅི་སི་སི་ཐན་ལ་འགོག་སྨན་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཅིར་ཅི་སི་སི་ཐན་སྲིད་གཞུང་གིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་འགོག་སྨན་ཉོ་སྡུད་བྱེད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་འདོན་སྤྲོད་བྱས། མཱ་ལིས་པོ་ཧྥུའུ་ཡིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱུན་མཐུད་སྒོས་ཅིར་ཅི་སི་སི་ཐན་གྱིས་རིམས་ནད་འགོག་རྒོལ་བྱེད་པར་རོགས་སྐྱོར་འདོན་སྤྲོད་བྱས་པས། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། ཐེངས་འདིར་ཀྲུང་གོ་ཕྱོགས་ཀྱིས་བྱིན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱིས་ཅིར་ཅི་སི་སི་ཐན་གྱི་རིམས་ནད་འགོག་རྒོལ་དང་འགོག་སྨན་རྒྱག་པའི་བྱ་བར་རོགས་རམ་ཆེན་པོ་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ཏུའུ་ཏི་ཝུན་གྱིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དཔུང་བ་མཉམ་གཤིབ་དང་ལག་རྡང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་དེ་རིམས་འགོག་མཉམ་ལས་ཁྲོད་དུ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།