ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཨེར་ཏའོ་ཝས་སྔ་སྣུར་སྒོས་གྲོས་ཁང་གི་འདེམ་བསྐོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཨེར་ཏའོ་ཝས་ཚེས་བཅུ་གཅིག་ཉིན་སྔ་སྣུར་སྒོས་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོ་བསྡུས་ནས། འདེམ་དམངས་ས་ཡ་གསུམ་དང་འབུམ་གཉིས་ལྷག་གིས་འདེམ་ཤོག་འཕངས་པ་བརྒྱུད་དེ་གྲོས་ཁང་གི་གྲོས་མི་བརྒྱ་དང་གཅིག་འདེམ་རྒྱུ་རེད།

འདེམ་ཤོག་ས་དེའི་དུས་ཚོད་བདུན་གྱི་སྟེང་ནས་འཕེན་འགོ་བརྩམས་པ་དང་དགོང་མོའི་དུས་ཚོད་དགུའི་སྟེང་མཇུག་བསྒྲིལ། མའོ་ཨེར་ཏའོ་ཝ་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་འདེམ་ཤོག་ཐད་ནས་བསྡོམས་པས་འདེམ་ཤོག་འཕེན་ས་སྟོང་གཉིས་བརྒྱ་དང་ལྔ་བཅུ་བཙུགས་པ་དང་། དེའི་ཁྲོད་ཕྱི་རྒྱལ་གྱི་འདེམ་ཤོག་འཕེན་ས་བརྒྱ་དང་ལྔ་བཅུ་ཡོད། ལྟ་ཞིབ་མི་སྣ་སྟོང་གཉིས་དང་བཞི་བརྒྱ་ལྔ་བཅུའི་ཁྲོད་ཀྱི་མི་དྲུག་བརྒྱ་ལྷག་རྒྱལ་སྤྱིའི་ལྟ་ཞིབ་པ་ཡིན། བསྡོམས་པས་སྲིད་ཏང་ཉི་ཤུ་དང་འདེམ་འགྲན་མནའ་མཐུན་གཉིས་ཀྱིས་སྐབས་གསར་བའི་གྲོས་ཁང་གི་གོ་གནས་འགྲན་རྩོད་བྱས་པ་དང་། སྲིད་ཏང་དང་འདེམ་འགྲན་མནའ་མཐུན་གྲོས་ཁང་དུ་ཞུགས་པའི་ཚད་བརྒྱ་ཆའི་ལྔ་དང་བརྒྱ་ཆའི་བདུན་ཡིན།

མའོ་ཨེར་ཏའོ་ཝའི་གྲོས་ཁང་གི་འགན་ཁུར་ཡུན་ལོ་བཞི་ཡིན། སྐབས་འདིའི་གྲོས་ཁང2019ལོའི་ཟླ་གཉིས་པར་བདམས་ཐོན་བྱུང་བ་ཡིན་ལ། སྲིད་ཏང་གང་ལ་ཡང་གོ་གནས་མང་པོ་མ་ཐོབ་པའི་དབང་གིས། གྲོས་ཁང་འཛུགས་པའི་བརྒྱུད་རིམ་ཀྱག་ཀྱོག་ཆེ། མའོ་ཨེར་ཏའོ་ཝའི་རྩ་ཁྲིམས་ལྟར། གལ་ཏེ་གྲོས་ཁང་འཛུགས་མི་ཐུབ་ན། ཙུང་ཐུང་ལ་གྲོས་ཁང་གཏོར་བ་དང་སྔ་སྣུར་སྒོས་གྲོས་ཁང་གི་འདེམ་བསྐོ་བསྡུ་རྒྱུའི་དབང་ཆ་ཡོད། ད་ལོའི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། མའོ་ཨེར་ཏའོ་ཝའི་ཙུང་ཐུང་སང་ཏུའུ་ཡིས་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཁྲིམས་ལྟར་གྲོས་ཁང་གཏོར་བ་མ་ཟད། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་སྔ་སྣུར་སྒོས་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོ་བསྡུ་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།