ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་གྱི་ལམ་ནས་དྲ་རྒྱའི་ནག་ཉེས་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་གནད་དོན་ཐད་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དགུ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་ཁ་པར་བཏང་ནས། དྲ་རྒྱའི་ནག་ཉེས་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་གནད་དོན་ཐད་གྲོས་སྡུར་བྱས།

ཉིན་དེར་ཁི་ལིས་མུའུ་ལིན་ཕོ་བྲང་གི་དྲ་རྒྱའི་སྟེང་སྤེལ་བའི་གསལ་བསྒྲགས་ལྟར་ན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁ་པར་ཁྲོད་ཕྱོགས་གཉིས་ཀས་ཟླ་སྔོན་མར་སུའེ་ཙེར་གྱི་རི་ནེ་ཝ་ནས་ཐུག་འཕྲད་བྱས་རིང་བཤད་པའི་ཆ་འཕྲིན་བདེ་འཇགས་དང་དྲ་རྒྱའི་ནག་ཉེས་གནད་དོན་ལ་རྡུང་རྡེག་གཏོང་དགོས་པའི་ཐད་མུ་མཐུད་དུ་ཁ་བརྡ་བྱས། ཕྱོགས་གཉིས་ཀས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ནས་དངོས་ཕན་ཅན་དང་འཛུགས་སྐྲུན་ཅན་གྱི་མཉམ་ལས་བྱེད་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཕུའུ་ཅུན་གྱིས་བསྟན་དོན། ཨུ་རུ་སུ་དང་ཨ་མེ་རི་ཁས་ཆ་འཕྲིན་བདེ་འཇགས་ཁྱབ་ཁོངས་ནས་དུས་ཡུན་རིང་བོ་དང་ཆེད་ལས་ཅན་གྱི་མཐུན་སྦྱོར་མཉམ་ལས་སྤེལ་འོས་པ་ལས་ཆབ་སྲིད་ཀྱི་རྙོག་དྲ་སློང་མི་འོས། འབྲེལ་ཡོད་མཐུན་སྦྱོར་ཅི་རིགས་སོ་སོའི་བཅའ་ཁྲིམས་སྒྲིག་ལུགས་ཀྱི་སྒྲིག་གཞིའི་འོག་ཏུ་སྤེལ་བ་ཡིན་ན། གཞི་ནས་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་དང་མཐུན་པ་ཡིན།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་བ་ལྟར་ན། པའེ་ཏིན་གྱིས་ཁ་པར་ལས་ཨུ་རུ་སུས་བྱེད་ཕྱོགས་ཅི་རིགས་སྤྱད་དེ་རྒྱལ་ཁོངས་སུ་སྤེལ་གྱིན་པའི་ལི་སའོ་མཉེན་ཆས་ནག་ཉེས་ཚོགས་པར་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཨ་མེ་རི་ཁས་གོ་སྐབས་འདི་སྤྱད་དེ་ཨུ་རུ་སུ་དང་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཕྱོགས་ཅི་རིགས་སྤྱད་དེ་ཨ་མེ་རི་ཁའི་མི་དམངས་དང་གནད་འགག་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།