ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡའི་ནུབ་བྱང་ས་ཁུལ་གྱི་སྡེ་བ་དུ་མར་དྲག་ཆས་མི་སྣས་འཇབ་རྒོལ་བྱས་ཏེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་ཉིན་ནི་ཀྲེ་རི་ཡའི་ནུབ་བྱང་ས་ཁུལ་གྱི་ཆར་གཏོགས་པའི་ཀྲ་མུའུ་ཧྥ་ལཱ་མངའ་སྡེ་ཡི་སྡེ་བ་ལྔ་ལ་ཉིན་འགའི་སྔོན་དུ་ཐོབ་ཐང་མི་གསལ་བའི་དྲག་ཆས་མི་སྣས་འཇབ་རྒོལ་བྱས་ཏེ་མི་སོ་ལྔ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

ཀྲ་མུའུ་ཧྥ་ལཱ་མངའ་སྡེ་ཡི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་ཧན་མའོ་ཏི་ཞུའེ་ཧུའུ་ཡིས་ཚེས་བཅུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར། དྲག་ཆས་མི་སྣ་མང་ཆེ་བ་ཚེས་བརྒྱད་ཉིན་སྔ་ཕྱིར་མངའ་སྡེ་དེའི་མཱ་ལ་ཤར་ཁུལ་གྱི་སྡེ་བ་ལྔའི་ནང་འཛུལ་ཏེ། དོགས་ཟོན་ཅི་ཡང་མེད་པའི་སྡེ་དམངས་ལ་མེ་མདའ་འཕངས་ནས་ཁང་བ་དུ་མར་གཏོར་སྐྱོན་བཟོས་པ་དང་སྡེ་དམངས་ཀྱི་རྒྱུ་ནོམ་འཛེམ་མེད་དུ་འཕྲོག་པར་མ་ཟད། སྡེ་དམངས་སོ་ལྔ་ལ་འཇབ་རྒོལ་བྱས་ཏེ་རྐྱེན་ལམ་དུ་ཤོར་ཟེར།

ཞུའེ་ཧུའུ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ལ་ཞུ་གཏུག་ཁ་པར་འབྱོར་མ་ཐག་དུས་ཐོག་ཏུ་དོན་རྐྱེན་བྱུང་སར་རོགས་དམག་མངགས་ནའང་། དོན་རྐྱེན་བྱུང་སའི་ལམ་གྱི་གནས་བབ་མི་ལེགས་པར་བརྟེན། ཉེན་རྟོག་པ་དོན་རྐྱེན་བྱུང་སར་སླེབས་རྗེས་དྲག་ཆས་མི་སྣ་རྣམས་སྔ་མོ་ནས་རང་སར་ཕྱིན་འདུག་ལ། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་བ་འཛིན་བཟུང་བྱེད་སྒང་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།