ཀྲུང་གོ་བོད་ཀྱི་དྲ་བ།

པེད་ཏིན་གྱིས་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གྱི་དམག་དོན་ལས་འགན་ཟླ་བརྒྱད་པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གྱི་དམག་དོན་ལས་འགན་དེ་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་མཇུག་སྒྲིལ་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ཉིན་དེའི་ཕྱི་དྲོར་ཕོ་བྲང་དཀར་པོ་ནས་ཨ་ཧྥུའུ་ཧན་གྱི་དམག་དཔུང་ཕྱིར་འཐེན་གནད་དོན་ཐད་ནས་གཏམ་བཤད་སྤེལ་ཏེ། དམག་དཔུང་ཕྱིར་འཐེན་གྱི་བྱ་བ་གོ་རིམ་ལྡན་པར་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་ཟེར། ཁོས་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་དུ་སྡོད་པ་ནི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་མ་ཡིན་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཡོད་པས། ཨ་ཧྥུའུ་ཧན་མི་དམངས་ཀྱིས་རང་གི་རྒྱལ་ཁབ་ཀྱི་མ་འོངས་པར་ཇི་ལྟར་རྒྱལ་ཁབ་ལ་དོ་དམ་བྱེད་པར་ཐག་གཅོད་བྱེད་པའི་འགན་འཁྲི་ཡོད་ཟེར། 

པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་སྲིད་གཞུང་དང་བདེ་འཇགས་དམག་དཔུང་ལ་རོགས་སྐྱོར་བྱེད་རྒྱུ་མ་ཟད། ཨ་ཧྥུའུ་ཧན་རྒྱལ་ནང་གི་ཕྱོགས་ཁག་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་བྱས་ཏེ། ཨ་ཧྥུའུ་ཧན་གྱི་འགྲིག་མཐུན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། སྨྱན་བྱད་ཀྱི་འབྲེལ་ཡོད་དྲི་བར་དམིགས་ནས་པེད་ཏིན་གྱིས་བསྟན་དོན། ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཨ་ཧྥུའུ་ཧན་སྲིད་གཞུང་རྩ་རྫོགས་སྲིད་པའི་དཔྱད་འཇོག་སྡོམ་ཚིག་བཀོད་མེད་པ་དང་། ཁོས་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་ལ་སྲིད་གཞུང་ལ་སྲུང་སྐྱོབ་བྱེད་པའི་འཐབ་འཛིང་ནུས་པ་ཡོད་པར་ཡིད་ཆེས་ཡོད་ཟེར། 

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་པུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་ཕྱིར་འཐེན་འཆར་གཞི་བརྒྱ་ཆའི་དགུ་བཅུ་ལྷག་ཡོངས་འགྲུབ་བྱས་ཡོད་ཟེར། ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་ཁི་པུས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་དུ་དམག་མི་ཉུང་ཙམ་བཅའ་སྡོད་བྱེད་དུ་བཅུག་ནས་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ས་ཁཱ་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་བདེ་སྲུང་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གྲོས་གཞི་བཏོན་ནས་ཨ་མེ་རི་ཁའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་གསར་འགྱུར་སྨྱན་བྱད་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་དམག་མི་དྲུག་བརྒྱ་དང་ལྔ་བཅུ་ཙམ་མུ་མཐུད་དུ་ཨ་ཧྥུའུ་ཧན་ནས་སྡོད་དུ་བཅུག་སྟེ་ཨ་ཧྥུའུ་ཧན་དུ་ཡོད་པའི་ཨ་མེ་རི་ཁའི་ཕྱི་འབྲེལ་མི་སྣར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ད་ལོའི་ཟླ་བཞི་བར་ཁྱབ་སྒྲོག་བྱས་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར། ཉེ་སྔོན་ཨ་ཧྥུའུ་ཧན་རྒྱལ་ནང་དུ་འཇབ་རྒོལ་དོན་རྐྱེན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་ལ། བདེ་འཇགས་གནས་བབ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།