ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཡང་བསྐྱར་འཛམ་གླིང་ཡོངས་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞི་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བདུན་ཉིན་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་བཞི་ལས་བརྒལ་བའི་སྐབས་སུ། ཡང་བསྐྱར་འཛམ་གླིང་ཡོངས་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞི་འཛུགས་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འགོག་སྨན་གྱིས་རེ་བའི་འོད་སྣང་ཞིག་བསྩལ་ཡང་། འཛམ་གླིང་གི་ས་ཁུལ་མང་ཆེ་བར་སྔར་བཞིན་མུན་ནག་གིས་གཡོགས་ཡོད། མིག་སྔར་ནད་དུག་འགོ་བའི་མྱུར་ཚད་དེ་འགོག་སྨན་བརྒྱག་པའི་མྱུར་ཚད་ལས་མགྱོགས། གལ་ཏེ་ནད་དུག་དེ་གང་འདོད་དུ་རྒྱ་ཡན་ལ་བཏང་ན། མི་ཁྲི་སྟོང་མང་བོར་རིམས་ནད་འགོ་བའི་ཉེན་ཁ་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འགོག་སྨན་གྱི་བར་ཁྱད་ཁ་གསབ་བྱེད་ཆེད། ངེས་པར་དུ་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་འཛམ་གླིང་རང་བཞིན་གྱི་སྤྱི་བའི་འཕྲོད་བསྟེན་ཐད་འབད་བརྩོན་བྱེད་དགོས་ཟེར། 

ཁོས་བསྟན་དོན། འཛམ་གླིང་ཧྲིལ་བོར་འགོག་སྨན་བརྒྱག་པའི་འཆར་གཞི་ཞིག་འཛུགས་པར་དགོས་གལ་ཆེ་བ་དང་། འཆར་གཞི་དེས་ད་ཡོད་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞི་སྟེགས་བུར་བྱས་ཤིང་། ཉུང་མཐར་ཡང་འགོག་སྨན་གྱི་ཐོན་སྐྱེད་ཚད་ལྡབ་གཅིག་འཕར་བར་བྱེད་པ་དང་འདྲ་མཉམ་གྱིས་བགོ་བཤའ་བྱེད་དགོས། འཆར་གཞིའི་ལག་བསྟར་དང་མ་དངུལ་གྱི་བེད་སྤྱོད་ཐད་མཐུན་སྦྱོར་བྱས་ཏེ། རྒྱལ་ཁབ་སོ་སོར་འགོག་སྨན་བརྒྱབ་སྟེ་མང་ཚོགས་ཀྱི་འགོག་སྨན་ཐད་ཀྱི་སེམས་ཁུར་མེད་པར་གཏོང་བར་རོགས་རམ་བྱེད་དགོས་ཟེར། ཁོས་ད་རུང་བྲེལ་མྱུར་དམིགས་བསལ་བྱ་བའི་ཚན་ཆུང་ཞིག་བཙུགས་ཏེ། འཛམ་གླིང་ཡོངས་ཀྱི་འགོག་སྨན་བརྒྱག་པའི་འཆར་གཞི་མངོན་འགྱུར་ཡོང་བར་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།