ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཏུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མིས་ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱིས་མཉམ་འབྲེལ་སྒོས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པར་བསྟོད་བསྔགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཏུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་ན་དབྱི་མ·ཅ་ཤིས་ཨེར་གྱིས་ཚེས7ཉིན་གསལ་བསྒྲགས་སྤེལ་དོན། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱིས་མཉམ་འབྲེལ་སྒོས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟོད་བསྔགས་བྱ་རྒྱུ་ཡིན་ཞེས་བཤད།

ཅ་ཤིས་ཨེར་གྱིས་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་སྨན་ཁབ་ཐད་མཉམ་ལས་བྱས་པ་ནི་རྒྱལ་སྤྱིའི་མཉམ་ལས་དང་གོ་ལ་ཧྲིལ་པོའི་ཆེད་ལས་ལག་རྩལ་འཁོར་རྒྱུག་བྱས་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྲེལ་ཡོད་དམིགས་ཚད་མངོན་འགྱུར་བྱེད་པར་ཕན་ནུས་ལྡན་པ་སྟེ། སྤུས་ལེགས་ཀྱི་གཞི་རྩའི་འཕྲོད་བསྟེན་དང་བདེ་སྲུང་ཞབས་ཞུ། དེ་མིན་བདེ་འཇགས་དང་ནུས་ལྡན། སྤུས་ལེགས། ཁུར་པོ་ཐེག་ནུས་པ་བཅས་ཀྱི་གཞི་རྩའི་སྨན་རྫས་དང་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱ་རྒྱུ་ཡིན་ཚུལ་བསྟན།

ཅ་ཤིས་ཨེར་གྱིས་ཀྲུང་ཨེ་མཉམ་ལས་བྱས་ནས་བཟོས་པའི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པ་དེས་ཨེ་ཅིབ་རང་སར་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞིར་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ཡོད་པ་མ་ཟད། ཨ་ཧྥེ་རི་ཁ་ས་ཁུལ་གྱི་རིམས་ནད་འགོག་རྒོལ་ཐད་སྔར་ལས་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་རྒྱུ་རེད་ཅེས་བཤད།

ཟླ4པའི་ཚེས21ཉིན་ཀྲུང་གོའི་ཁོ་ཤིན་ཀུང་སི་དང་ཨེ་ཅིབ་ཀྱིVACSERAཀུང་སི་གཉིས་ཀྱིས་ཨེ་ཅིབ་ཏུ་ཁོ་ཤིན་རྟགས་ཅན་གྱི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་པའི་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་དང་། ཟླ5བའི་ཚེས21ཉིན་ཨེ་ཅིབ་ཀྱིས་ཀྲུང་གོ་ནས་ཉོ་སྒྲུབ་བྱས་པའི་རྒྱལ་སྨན་གྱི་རིམས་འགོག་སྨན་ཁབ་ཁག་གསར་པ་དང་ཁོ་ཤིན་རིམས་འགོག་སྨན་ཁབ་ཀྱི་གཤེར་ཁུ་ཁེ་རོ་རུ་འབྱོར། དུས་དེ་ནས་བཟུང་ཨེ་ཅིབ་འདི་ཉིད་ཨ་ཧྥེ་རི་ཁ་སྐམ་ས་ཆེན་མོ་རུ་ཀྲུང་གོ་དང་མཉམ་ལས་བྱས་ནས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱས་པའི་རྒྱལ་ཁབ་ཐོག་མ་རུ་གྱུར།

ཟླ7པའི་ཚེས5ཉིན་ཨེ་ཅིབ་ཀྱི་ཙུང་ལི་མ་ཏེ་པུའུ་ལི་དང་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཧ་ལ·ཀྲ་ཡེ་ཏེ་སོགས་ཨེ་ཅིབ་གཞུང་ཕྱོགས་ཀྱི་དཔོན་རིགས་རྣམས་ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེའོ་ལི་ཆང་དང་མཉམ་དུ་ཨེ་ཅིབ་རང་ས་ན་ཡོད་པའི་འགོག་སྨན་ཐོན་སྐྱེད་ཁེ་ལས་དག་ལ་ལྟ་སྐོར་བྱས་ཤིང་། མ་ཏེ་པུའུ་ལི་ཡིས་ཉིན་དེར་ཨེ་ཅིབ་ཀྱིས་ཀྲུང་གོའི་ཁོ་ཤིན་རྟགས་ཅན་གྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལེགས་འགྲུབ་བྱུང་ཡོད་ལ། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོས་ཨེ་ཅིབ་ལ་རིམས་འགོག་སྨན་ཁབ་རང་ས་ཅན་དུ་བསྒྱུར་བར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་ཁྱབ་བསྒྲགས་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།